ཟབ་སྦྱོང་དུ་གཏོང་འཆར།

 

 

རྒྱ་གར་མཐོ་སློབ་ཁག་གི་བོད་རིགས་སློབ་མ་བཅོ་ལྔ་ཙམ་འོས་འདེམས་བྱས་ཏེ། ཕྱི་ཟླ་དགུ་བའི་ནང་ཨི་ཊི་ལིར་སྲིད་དོན་ཚན་རིག་ཟབ་སྦྱོང་དུ་གཏོང་འཆར་ཡོད་པ་ལྟར། ཞིབ་འཇུག་ཚོགས་ཆུང་གིས་སློབ་མ་རྣམས་བདམས་ཐོན་བྱུུང་སྟེ་གསལ་བསྒྲགས་བྱས་ཡོད།

 

བོད་རྒྱལ་ཡོངས་མང་གཙོ་ཚོགས་པའི་གོ་སྒྲིག་དང༌། ཨི་ཊ་ལི་འཛམ་གླིང་ལས་འགུལ་ཚོགས་པའི་མཐུན་འགྱུར་འོག རྒྱ་གར་མཐོ་སློབ་ཁག་གི་བོད་རིགས་སློབ་མ་ ༡༥ ཙམ་དྲག་འདེམས་ཀྱིས་ད་ལོའི་ཟླ་ ༩ ནང་ཨི་ཊ་ལིའི་སྲིད་དོན་ཚན་རིག་ཟབ་སྦྱོང་ཏུ་གཏོང་འཆར་ཡོད་པ་ལྟར། ཟླ་འདིའི་ཕྱི་ཚེས་ ༡ ཉིན་ནས་བོད་མི་མང་སྤྱི་འཐུས་ཀརྨ་ཡེ་ཤེས་དང་དབུས་གཞོན་ནུའི་ཚོགས་གཙོ་ཚེ་དབང་རིག་འཛིན། བོད་ཀྱི་རྩོད་རྙོག་འདུམ་སྒྲིག་ལྟེ་གནས་ཁང་གི་འགན་འཛིན་ཀརྨ་ལེགས་བཤད། ཤེས་རིག་ལས་བྱེད་ཆུང་ཚེ་རིང། མང་གཙོ་ཚོགས་པའི་དབུས་རྒྱུན་ཟུར་བ་ཐུབ་བསྟན་སྙན་གྲགས་བཅས་མི་ ༥ ལས་གྲུབ་པའི་ཞིབ་འཇུག་ཚོགས་ཆུང་ཞིག་ཟུར་དུ་བཙུགས་ཏེ། རྒྱ་གར་མཐོ་སློབ་ཁག་ནས་སྙན་ཞུ་ ༩༣ ཙམ་འབྱོར་ཡོད་དག་ལ། བདུན་ཕྲུག་གཅིག་རིང་ཞིབ་འཇུག་བྱས་མཐར་སློབ་མ་ ༡༥ ཙམ་བདམས་ཐོན་བྱུང་བ་ཕྱི་ཚེས་ ༧ ཉིན་གསལ་བསྒྲགས་བྱས་འདུག

 

ཐེངས་འདིར་བདམས་ཐོན་བྱུང་བའི་སློབ་མ་དག་ལས། ཨང་དང་པོ་ལྡི་ལི་མཐོ་སློབ་ཀྱི་བློ་བཟང་གཡང་མཚོ་དང༌། ཨང་གཉིས་པ་མ་ཌྷི་ར་སི་མཐོ་སློབ་ཀྱི་སྐལ་བཟང་སྟོབས་ལྡན། ཨང་གསུམ་པ་མ་ཌྷི་ར་སི་མཐོ་སློབ་ཀྱི་རིན་ཆེན་རྡོ་རྗེ། གཞན། ལྡི་ལི་མཐོ་སློབ་ཀྱི་བསྟན་འཛིན་བདེ་ཆེན་དང་མཆོག་ཚེ་རིང༌། ནོར་འཛིན་བདེ་སྐྱིད། བསྟན་འཛིན་འཇོར་ལྡན། བསྟན་འཛིན་བཀྲ་ཤིས། དྲི་མེད་དབང་ཕྱུག བསྟན་འཛིན་པད་སྒྲོན། མ་ཌྷི་ར་སི་མཐོ་སློབ་ཀྱི་བསྟན་འཛིན་འཆི་མེད་དང་ཀརྨ་བསྟན་འཛིན། བསྟན་འཛིན་ལྷ་མོ། བྷ་རོ་ཊ་མཐོ་སློབ་ཀྱི་བསོད་ནམས་བཀྲ་ཤིས་དང་ཉི་མ་རྒྱལ་མཚན་བཅས་ཡིན་འདུག

 

ཕྱི་ཚེས་ ༨ ཉིན་གུང་འདི་གའི་གསར་འགོད་པས་བོད་རྒྱལ་ཡོངས་མང་གཙོ་ཚོགས་པའི་ཚོགས་གཙོ་འཆི་མེད་གཡུང་དྲུང་ལགས་སུ་གོང་གི་བྱ་འགུལ་དེའི་སྐོར་བཅར་འདྲི་ཞུས་པར་ཁོང་གིས་གསུངས་དོན། ང་ཚོ་བོད་རྒྱལ་ཡོངས་མང་གཙོ་ཚོགས་པའི་ངོས་ནས་བོད་རིགས་གཞོན་སྐྱེས་ཚོར་དམངས་གཙོ་དང་སྲིད་དོན་གྱི་གནས་ཚད་མཐོ་རུ་གཏོང་ཆེད། ཨི་ཊ་ལིའི་འཛམ་གླིང་ལས་འགུལ་ཁང་དང་མཉམ་འབྲེལ་བྱས་ཏེ། བོད་རིགས་མཐོ་རིམ་སློབ་མ་ ༡༥ ཙམ་ད་ལོའི་ཟླ་ ༩ ནང་ཨི་ཊ་ལིར་སྲིད་དོན་ཚན་རིག་ཟབ་སྦྱོང་དུ་གཏོང་རྒྱུ་གོ་སྒྲིག་བྱས་ཡོད། ཐེངས་འདིར་སློབ་མ་འདེམས་སྟངས་ཐད་དྲང་བདེན་ཡོང་ཆེད།  མི་ལྔ་ཡོད་པའི་ཞིབ་འཇུག་ཚོགས་ཆུང་ཟུར་འཛུགས་ཀྱིས་ཉིན་ ༧ རིང་ཞིབ་འཇུག་བྱས་པ་རེད། ཚོགས་ཆུང་དེར་ང་ཚོ་བོད་རྒྱལ་ཡོངས་མང་གཙོ་ཚོགས་པའི་མི་གཅིག་ཀྱང་ཡོད་པ་མ་རེད། ཐེངས་འདིའི་ཟབ་སྦྱོང་ལ་དུས་ཡུན་རིང་པོ་ཡོད་པ་མ་རེད། ཉིན་ ༡༥ ཙམ་རེད། སྐབས་དེར་བོད་པའི་རིག་གཞུང་འཁྲབ་སྟོན་དང་སློབ་གྲྭ་ཁག་ཅིག་ལ་གཟིགས་སྐོར་བཅས་གྲ་སྒྲིག་བྱས་ཡོད།

 

ལས་དོན་འདིའི་ཐད་རྒྱ་གར་ནང་ནས་གོ་སྒྲིག་ཆ་ཚང་ང་ཚོས་འགན་འཁུར་དགོས་ཤིང། སློབ་མ་ཚོ་ཕར་འབྱོར་རྗེས་འཛམ་གླིང་ལས་འགུལ་ཚོགས་པས་འགན་འཁུར་གྱིན་ཡོད་པ་རེད། ཐེངས་འདིར་སློབ་མ་རེར་འགྲོ་གྲོན་ཧིན་སྒོར་འབུམ་གཅིག་དང་ཁྲི་དྲུག་ ༡༦༠༠༠༠ ཡས་མས་རྩིས་བརྒྱབས་ཡོད། ཅེས་དང༌། གལ་སྲིད་གོང་གི་བདམས་ཐོན་བྱུང་བའི་སློབ་མ་དེ་དག་ལས་རེ་ཟུང་འགྲོ་ཐུབ་མིན་གྱི་གནས་ཚུལ་འདྲ་བྱུང་བ་ཡིན་ན། སྐར་གྲངས་གཞིར་བཟུང། མ་ཌྷི་ར་སི་མཐོ་སློབ་ཀྱི་སློབ་མ་རྣམ་རྒྱལ་ཆོས་སྒྲོན་དང༌། ལྡི་ལི་མཐོ་སློབ་ཀྱི་སློབ་མ་བསྟན་འཛིན་ཆོས་དབྱངས་དང་བསྟན་འཛིན་མི་ཕམ། ཕུན་ཚོགས་དབང་ཆེན། སྐལ་བཟང་ཡོན་ཏན་བཅས་སློབ་མ་ ༥ ཙམ་གྲ་སྒྲིག་བྱས་ཡོད་པ་རེད། ཅེས་གསུངས་བྱུང།

 

བསྐྱར་བཅོས།: ༢༠༡༤/༠༣/༢༦

Leave a Reply

3 thoughts on “ཟབ་སྦྱོང་དུ་གཏོང་འཆར།

  1. མང་གཙོ་ཚོགས་པས་དེ་བྱ་བ་བཟང་པ་ཞིག་བྱས་འདུག ཡིན་ནའང་བོད་རིགས་སློབ་མ་ཚོས་བོད་མི་རིགས་ཀྱི་ཡར་རབ་ཀྱི་དམིགས་དཔེ་བཟང་པོ་ཞིག་སྟོན་མ་ཐུབ་ན། གྲོས་འབྱོར་འགྲ་བ་སོགས་ཀྱི་ཞབས་འདྲེན་ཙ་བ་མ་ཞུ་རོགས་ཟེར་ལན་བརྒྱ་འབོད་སྐུལ་ཞུ་རྒྱུ་ཡིན།

  2. བློ་བཟང་རབ་དགའ།

    གལ་ཏེ་སློབ་སྦྱོང་ཁོ་ན་བསམ་ཏེ་ཕེབས་མཁན་ཡིན་ན་སློབ་ཕྲུག་ཚོར་ཐོས་རྒྱ་དང་མཐོང་རྒྱུ་མི་ཉུང་བ་ཞིག་གི་ཉམས་མྱོང་ཡོང་རྒྱུ་རེད།་

    གཟབ་གཟབ་བྱ་གལ་ཆེ་བ་ཞིག་ལ་སློབ་ཕྲུག་ཚོ་དེ་གར་འབྱོར་རྗེས་བོར་བརླག་ཏུ་མ་འགྲོ་བ་བྱ་གལ་ཆེ་བ་རེད།་

  3. གངས་རིའི་གླིང་བུ།

    རླབས་ཆེན་རེད་་་་རླབས་ཆེན་རེད་་་་་་རྗེས་སུ་ཡིད་རངས་ཡོད།་་་་་ཆེད་སྤྱོང་བ་ཚོ་སློབ་མཐར་ཕྱིན་རྗེས་ཕྱིར་་རང་གི་ཁྱིམ་གཞི་འདིར་ཕེབས་ནས་རང་གི་རྒྱབ་ཁབ་འདི་དང་མི་རིགས་འདིའི་ཆེད་དུ་ལྷག་བསམ་རྣམ་དག་གིས་ཞབས་ཞུ་སྒྲུབ་རྒྱ་ཀུན་སློང་སྔོན་དུ་བཏང་ནས་འགྲོ་རྒྱུ་ུམ་བརྗེད་རོགས།