ཆབ་སྲིད་ཀྱི་ལས་འགུལ་ལྟ་བུ་སྤེལ་རྒྱུ་གལ་ཆེ་ཡང་གཞི་རིམ་སློབ་མ་ཚོར་རིག་གནས་ཀྱི་རྨང་གཞི་བརྟན་པོར་འཛུགས་རྒྱུ་དེ་བས་ཀྱང་གལ་ཆེན་པོ་རེད་ཟེར།
ཟླ་འདིའི་ཚེས་ ༡༠ ཉིན་ནས་བཟུང་ཟླ་གཅིག་ཙམ་རིང་གངས་ལྗོངས་རང་བདེན་རྩོད་ལེན་མཐུན་ཚོགས་ཀྱིས་གོ་སྒྲིག་འོག སྦེལ་ཀོབ་ལུགས་བདེ་གཉིས་ཀྱི་གཞི་རིམ་སློབ་གྲྭ་ཁག་གི་སློབ་ཕྲུག་ཚོར་རིག་གནས་འཆད་ཁྲིད་ཀྱི་ལས་རིམ་ཞིག་མགོ་འཛུགས་གནང་ཡོད་ལ། དེ་ནི་དབྱར་གནང་གི་སྐབས་དང་བསྟུན་སློབ་ཕྲུག་ཚོའི་ཉིན་རེའི་དུས་ཚོད་འཕྲོ་བརླག་ཏུ་མི་འགྲོ་བ་དང་བོད་ཀྱི་སྐད་ཡིག་ལ་སྔར་བས་ཀྱང་གཞི་རྐང་བརྟན་པོར་འཛུགས་ཐུབ་ཆེད་ཡིན་འདུག ཚེས་ ༡༠ ཉིན་ལུགས་ཟུང་བསམ་འགྲུབ་གླིང་གི་གཞིས་མགོ་དང་ལུགས་བདེ་གཉིས་ཀྱི་བརྒྱ་དཔོན་རྣམ་པ། སློབ་མ་བརྒྱ་ལྷག་དང་སློབ་མའི་ཕ་མ་སོགས་ལུགས་ཟུང་བསམ་འགྲུབ་གླིང་མི་མང་ཚོགས་ཁང་ནང་མཉམ་འཛོམས་ཀྱིས་ཐེངས་འདིའི་ལས་གཞིའི་སྐོར་ངོ་སྤྲོད་དང་གསུང་བཤད་གནང་ཡོད།
ཉིན་དེར་གངས་ལྗོངས་རང་བདེན་རྩོད་ལེན་མཐུན་ཚོགས་ཀྱི་ཚོགས་གཙོ་བློ་བཟང་དཔལ་ལྡན་ལགས་ཀྱིས་གསུངས་དོན། བོད་ཀྱི་སྐད་ཡིག་སུམ་རྟགས་དག་གསུམ་དང་རྒྱལ་རབས་ལོ་རྒྱུས། ནང་ཆོས་བགྲོ་གླེང་སོགས་རིག་གནས་འཆད་ཁྲིད་ཀྱི་ལས་གཞི་འདི་འདྲ་ཞིག་གོ་སྒྲིག་བྱེད་དགོས་དོན་ནི། སློབ་གྲྭ་ཁག་ཏུ་བོད་ཡིག་སློབ་ཀྱིན་ཡོད་ནའང་། སློབ་གྲྭ་ཐོན་ཚར་དུས་བོད་རང་གི་སྐད་ཡིག་དང་རིག་གཞུང་ཐོག་རང་རྐྱ་འཕེར་བའི་སློབ་མ་ཐོན་ཐུབ་ཀྱི་མེད་སྟབས། སློབ་མ་ཚོར་བོད་ཡིག་གི་རྨང་གཞི་བརྟན་པོ་བཟོ་བ་དང་། བོད་ཀྱི་སྐད་ཡིག་རྒྱུན་གནས་ཐུབ་ཆེད་ཡིན་པ་མ་ཟད། འདི་ནི་༸གོང་ས་མཆོག་གི་རླབས་ཆེན་གྱི་དགོངས་གཞི་གལ་ཆེན་ཞིག་ཀྱང་རེད་ཅེས་གསུངས་ཡོད།
དེ་བཞིན་ལུགས་ཟུང་བསམ་འགྲུབ་གླིང་གཞིས་མགོ་བཀྲ་ཤིས་དབང་འདུས་ལགས་ཀྱིས། མི་རྒན་པ་ཚོ་དང་དེང་རབས་ན་གཞོན་གཉིས་བསྡུར་ན་དེང་རབས་ན་གཞོན་ཚོར་མཛུབ་མོ་འཛུགས་ཆོག་ཆོག་གི་བོད་ཡིག་ཤེས་མཁན་ཉུང་ཉུང་རེད་ལ། དེང་སྐབས་གཞུང་ཞབས་ལས་བྱེད་པའི་ནང་དུའང་གཏོང་ཡིག་འབྲི་ཐུབ་ཙམ་དང་སྙན་ཞུ་འབྲི་ཐུབ་ཙམ་ལས་གཞི་རྩའི་རྨང་གཞི་བརྟན་པོ་ཡོད་མཁན་ཧ་ཅང་དཀོན་པོར་གྱུར་ཡོད་སྟབས། འདི་ལྟ་བུའི་རིག་གནས་འཆད་ཁྲིད་ཀྱི་ལས་གཞི་འདི་ཧ་ཅང་གི་གལ་ཆེན་པོ་རེད། ང་རང་ཉིད་ཀྱིས་ཆུང་དུས་ནས་བོད་ཡིག་ཡག་པོ་སྦྱངས་མེད་སྟབས་ད་ལྟ་དངོས་སུ་ལས་ཀ་བྱེད་སྐབས། དཀའ་ངལ་འཕྲད་ཀྱིན་འདུག་ལ། གཏོང་ཡིག་ཅིག་འབྲི་དགོས་ཀྱང་ཡང་དང་རིམ་གྱིས་ཞུ་དག་གཏོང་དགོས་པ་དང་། གང་བསམ་པ་དེ་ལམ་སེང་འབྲི་ཆོག་ཆོག་ཅིག་མི་འདུག་ཅེས་སློབ་ཕྲུག་ཚོར་རང་གི་གནས་སྟངས་གསལ་བཤད་བྱས་ཐོག སློབ་ཕྲུར་ཚོར་བོད་ཡིག་སྦྱང་དགོས་པའི་གལ་ཆེན་རང་བཞིན་ངོ་སྤྲོད་གནང་བ་དང་། ཡང་ཁོང་གིས་གསུངས་དོན། ༸གོང་ས་མཆོག་གིས་རྒྱུན་དུ་གསུངས་བཞིན་པ་ལྟར་རིགས་གཅིག་རྐང་འཛིན་ཐོག་ཤུགས་རྒྱག་དགོས་པ་དང་། དེ་ཡང་དེང་དུས་ཀྱི་རིག་གནས་དང་འཕྲུལ་ཆས་རིགས་དེ་འདྲར་རིགས་གཅིག་རྐང་འཛིན་ཐོན་དགོས་ཀྱི་འདུག ད་ལྟ་ང་ཚོའི་མི་ཚང་མ་སྨན་ཞབས་པའི་སྟེང་ལ་འགྲོ་བསྡད་ཀྱིན་འདུག ལམ་ཁ་གཞན་འདེམས་དགོས་པ་རེད། རིགས་མི་འདྲ་བ་དེ་འདྲར་ཤུགས་རྒྱག་དགོས་པ་རེད་ཅེས་གསུངས་ཡོད།
ཐེངས་འདིའི་རིག་གནས་འཆད་ཁྲིད་གནང་མཁན་ལ་ངྷ་ས་བོད་ཁྱིམ་སློབ་གྲྭའི་གཞི་རིམ་སློབ་གྲྭ་ཁག་གི་སློབ་དེབ་རྩོམ་སྒྲིག་པ་དང་ཉམས་ཞིབ་པ་བློ་བཟང་བསྟན་དར་ལགས་གདན་ཞུས་བྱས་ཡོད་པ་དང་། ཉིན་རེའི་ཞོགས་པའི་ཆུ་ཚོད་ ༩ ནས་ཆུ་ཚོད་ ༡༠ བར་འཛིན་གྲྭ་འཚོགས་རྒྱུ་དང་། དེའི་རྗེས་ཆུ་ཚོད་ ༡༢ བར་སློབ་ཕྲུག་དང་དགེ་རྒན་བར་དྲིས་པ་དྲིས་ལན་གྱི་བགྲོ་གླེང་དང་། ཉིན་རྒྱབ་ཆུ་ཚོད་ ༡ ནས་ ༢ བར་འཛིན་གྲྭ་འཚོགས་རྒྱུ་དང་། དེའི་རྗེས་ཆུ་ཚོད་ ༣ བར་བགྲོ་གླེང་གནང་རྒྱུ་ཡིན་འདུག