དུས་ངན་སྲུང་གཙི།

གངས་ལྗོངས་རང་བདེན་རྩོད་ལེན་མཐུན་ཚོགས་ཀྱིས་ཆིངས་ཡིག་དོན་ཚན་བཅུ་བདུན་ལ་མིང་རྟགས་བཀོད་དེ་མི་ལོ་ ༥༨ ཧྲིལ་བོ་འཁོར་བའི་དུས་ངན་སྲུང་གཙི་བྱས་ཡོད།
ཕྱི་ལོ་ ༡༩༥༡ ལོའི་ཟླ་ ༥ ཚེས་ ༢༣ ཉིན་ནི་རྒྱ་ནག་གིས་བཙན་དབང་འོག་ཆིངས་ཡིག་དོན་ཚན་བཅུ་བདུན་ལ་མཚན་རྟགས་བཀོད་པའི་ཉིན་ཡིན་ལ། བོད་རྒྱ་ཁོངས་སུ་ཤོར་བའི་ཉིན་མོ་ཡང་ཡིན་པས། བོད་མི་ཚོར་མཚོན་ན་ཉིན་འདི་ནི་བཀྲ་མི་ཤིས་དོན་མི་འགྲུབ་པའི་ཉིན་ཞིག་ཡིན་སྟབས། ཟླ་འདིའི་ཕྱི་ཚེས་ ༢༣ ཉིན་དབུས་གངས་ལྗོངས་རང་བདེན་རྩོད་ལེན་མཐུན་ཚོགས་ཀྱིས་གོ་སྒྲིག་འོག སྦེལ་ཀོབ་བདེ་སླར་ཚོགས་ཁང་ནང་སེར་སྐྱང་མི་མང་བརྒྱ་ལྷག་མཉམ་འཛོམས་ཀྱིས་བགྲོ་གླེང་འཚོགས་འདུ་ཞིག་བསྡུས་ཡོད་ལ། བོད་མི་མང་སྤྱི་འཐུས་ཟུར་བ་དང་ད་ལྟའི་མཉམ་འབྲེལ་ཚོགས་གཙོ་པདྨ་བདེ་ལེགས་མཆོག་དང་། གཞོན་ནུའི་ཚོགས་གཞོན་ཟུར་བ་བློ་བཟང་ཡེ་ཤེས་རྣམ་གཉིས་ཀྱིས་གྲོས་མཐུན་དོན་ཚན་བཅུ་བདུན་དང་བོད་རིགས་ཡོངས་ལ་མིང་དོན་མཚུངས་པའི་རང་སྐྱོང་ཡོང་ཐབས་ཀྱི་བསམ་འཆར་གཉིས་ཀྱི་བར་ཁྱད་ཅེས་པ་དང་། རྒྱ་དཀར་ནག་བར་བཞག་པའི་བསླབ་པ་ལྔའི་ཆིངས་ཡིག་གིས་བོད་དོན་ལ་ཐེབས་པའི་ཤུགས་རྐྱེན་ཞེས་པའི་བརྗོད་གཞི་གཉིས་ཀྱི་སྟེང་བཀའ་སློབ་གསུང་བཤད་གནང་ཡོད།
ཉིན་དེར། གངས་ལྗོངས་རང་བདེན་རྩོད་ལེན་མཐུན་ཚོགས་ཀྱི་ཚོགས་གཙོ་བློ་བཟང་དཔལ་ལྡན་ལགས་ཀྱིས་གསུངས་དོན། བགྲོ་གླེང་འདི་བརྒྱུད་ནས་བོད་དོན་འཐབ་རྩོད་བྱེད་པར་ཤེས་དགོས་པའི་རྨང་གཞིའི་ཤེས་བྱ་ཁག་ཅིག་ལ་དོ་སྣང་ཡོང་རེ་དང་། བོད་མི་ཚོས་བོད་འཚོ་གནས་ཀྱི་ཁག་ཐེག་ཡོང་བར་མུ་མཐུད་དཀའ་ངལ་བཟོད་པའི་ཐོག་ནས་ཆོད་སེམས་བརྟན་པོས་འབད་བརྩོན་བྱེད་དགོས་པའི་འབོད་སྐུལ་བྱེད་ཀྱི་ཡོད། ཅེས་བགྲོ་གླེང་འདི་བྱེད་དགོས་པའི་དམིགས་འདུན་སྐོར་གསུངས་ཡོད།
དེ་བཞིན་ཉིན་དེར་གངས་ལྗོངས་རང་བདེན་རྩོད་ལེན་མཐུན་ཚོགས་ཀྱིས་གོ་སྒྲིག་འོག་འཚོགས་བཞིན་པའི་དབྱར་གནང་གི་དམིགས་བསལ་འཛིན་གྲྭའི་སློབ་མ་དག་ལའང་། རྒན་བློ་བཟང་བསྟན་དར་ལགས་ཀྱིས་གྲོས་མཐུན་དོན་ཚན་བཅུ་བདུན་སྐོར་དང་སྐབས་དེའི་ཆབ་སྲིད་གནས་སྟངས་སོགས་དམིགས་བསལ་འཆད་ཁྲིད་བྱས་ཡོད་ལ། དེ་སྔོན་གསར་འགོད་པའི་ཕྱག་ལས་གནང་མྱོང་མཁན་ཚེ་རིང་ལྷུན་འགྲུབ་ལགས་ཀྱིས་ཀྱང་། སྒེར་ངོས་ནས་འགྲོ་གྲོན་བཏང་སྟེ་སྲང་བར་གྱི་མི་ཚང་མའི་མགོ་ལ་རས་ནག་པོ་དཀྲི་རུ་བཅུགས་ཏེ། དུས་ངན་འདི་སྲུང་གཙི་བྱས་ཡོད།

བསྐྱར་བཅོས།: ༢༠༡༤/༠༣/༢༦

Leave a Reply

One thought on “དུས་ངན་སྲུང་གཙི།

  1. གྲོགས་བློ་བཟང་དཔལ་ལྡན་ལགས་གཙོས་པའི་གངས་ལྗོངས་རང་བདེན་རྩོད་ལེན་ཚོགས་ཆུང་གི་ཚོགས་མི་ཡོངས་ལ་སྙིང་ཐག་པ་ནས་ཐུགས་རྗེ་ཆེ་ཞུའོ།། དགའ་གུས་ཚད་མེད་ཞུའོ།། མུ་མཐུད་ཅིག་ཞུའོ།།