གཞིས་ལུས་བོད་མི་ཚོས་གཙོ་འགན་བཞེས་བཞིན་པའི་ཧི་གཟུགས་ཟིན་བྲིས་ཉིན་ཤས་རིང་སྒོ་བརྒྱབས་ཡོད་པ་རེད།
ཉིན་ཤས་རིང་གཞིས་ལུས་བོད་མི་ཚོས་གཙོ་འགན་བཞེས་བཞིན་པའི་ཧི་གཟུགས་ཟིན་བྲིས་སྒོ་བརྒྱབས་ཡོད་པ་དང་། དེ་རིང་ཧི་གཟུགས་ཟིན་བྲིས་ཀྱི་རྩོམ་སྒྲིག་པས་གསལ་བསྒྲགས་སྤེལ་བ་ལྟར་ན། ཐེངས་འདིར་ཧི་གཟུགས་ཟིན་བྲིས་སྒོ་རྒྱག་དོན་ནི་ཟིན་བྲིས་པ་ཞིག་གིས་གསར་འགྱུར་ཁག་གསུམ་ཞེས་པའི་ཟིན་ཐོ་ཞིག་སྤེལ་བ་དེའི་རྐྱེན་གྱིས་ཡིན་པར་བསྟན་ཡོད་པ་དང་། ཟིན་བྲིས་པ་དེ་ཡིས་སྤེལ་བའི་གསར་འགྱུར་ཁག་གསུམ་ནི་འདི་ག་དུས་བབ་དྲ་ཚིགས་ལས་བཏོན་པའི་གསར་འགྱུར་གསུམ་གྱི་ནང་དོན་གནད་བསྡུས་ཡིན་པ་སྟེ། ཚེས་ ༢༠ ཉིན་སྤེལ་བའི་ཕྱིར་རང་ཡུལ་དུ་ལོག་པའི་ལས་འགུལ་ཐེངས་གཉིས་པ་ཞེས་པ་དང་། ཚེས་ ༩ ཉིན་སྤེལ་བའི་དཔའ་བོ་ལྔ་ངྷ་སར་འབྱོར་བ་ཞེས་པ། ཚེས་ ༡༦ ཉིན་སྤེལ་བའི་སློབ་མར་དམག་སྦྱོང་ཞེས་པ་བཅས་གསར་འགྱུར་འདི་གསུམ་གྱི་ནང་དོན་གནད་བསྡུས་ཟིན་བྲིས་པ་དེས་ཁོང་གི་ཟིན་བྲིས་སུ་སྤེལ་ཡོད་པས་རེད་ཅེས་ཟིན་བྲིས་རྩོམ་སྒྲིག་པས་བརྗོད་ཡོད་འདུག ཟིན་བྲིས་སྤེལ་མཁན་ནི་བོད་ནང་གི་སློབ་མ་ཞིག་ཡིན་འདུག
ཧི་གཟུགས་ཟིན་བྲིས་ནི་བོད་ཕྱི་ནང་གི་བོད་མི་ཚང་མ་མཉམ་ཞུགས་བྱེད་ཀྱིན་པའི་ཟིན་བྲིས་ཤིག་ཡིན་པ་དང་། ད་ལྟའི་ཆར་གླེང་གཞི་གང་རུང་གི་ཐོག་ནས་གཞིས་བྱེས་བོད་མི་ཚོ་ཕན་ཚུན་འབྲེལ་བ་གང་ལེགས་གནང་ཐུབ་པའི་དྲ་ལམ་ཞིག་ཀྱང་ཡིན།