དམངས་ཀྱི་ཁྲག་འཇུབ་གི།

རྒྱ་སྒོར་སྟོང་ཕྲག་འགའ་མི་མང་གི་ལག་ནས་བླངས་རྗེས། དེའི་ཚབ་ཏུ་བྱིན་པའི་ཅ་དངོས་ནི་རྒྱལ་ཁབ་ཀྱིས་དབུལ་སྐྱོབ་བྱེད་ཀྱིན་ཡོད་ཟེར།

བཞུགས་སྒར་ཀིརྟིའི་བྱེས་པ་གྲྭ་ཚང་གི་ཛ་དྲག་འབྲེལ་མཐུད་ཚོགས་ཆུང་གིས་གནས་ཚུལ་མཁོ་སྤྲོད་བྱས་པ་ལྟར་ན།  དེང་སྐབས་ཨ་མདོ་རྔ་པའི་ཁོངས་ཀྱི་ས་ཁུལ་མང་པོ་ཞིག་ལ་ས་གནས་ལས་བྱེད་པ་དང་གོང་རིམ་ལས་བྱེད་མི་སྣ་མཉམ་འབྲེལ་བྱས་ཏེ། མི་ཚང་རེ་རེ་བཞིན་དུ་ཉི་གློག་དང་སླ་ང་སོགས་ཁྱིམ་ཆས་རིགས་རྒྱལ་ཁབ་ཀྱི་ཞལ་འདེབས་ཡིན་ཚུལ་བརྗོད་ནས་སྤྲད་འདུག་ཀྱང༌། ཉིན་ཤས་རྗེས་ཁྱིམ་ཆས་དེ་དག་སྤྲད་སའི་མི་ཚང་རེ་རེ་ནས་རྒྱ་སྒོར་སྟོང་ཕྲག་འགའ་རེ་བསྡུས་ཡོད་འདུག་ལ། སྐབས་དེར་མི་མང་གིས་ཁྱིམ་ཆས་དེ་དག་མི་དགོས་ཚུལ་དང་སྒོར་མོ་སྤྲོད་རྒྱུ་མེད་ཚུལ་བཤད་པར། འབྲེལ་ཡོད་མི་སྣས་ངེས་པར་སྒོར་མོ་སྤྲོད་དགོས་པ་ལས་ཁྱིམ་ཆས་ཕྱིར་བསྡུ་བྱེད་མི་ཆོག་ཚུལ་བརྗོད་ནས་བཙན་གྱིས་མི་མང་གི་ལག་ནས་སྒོར་མོ་བསྡུས་ཡོད་འདུག
    ཡང་རྔ་པའི་རྔ་སྲིབ་སྤྲོ་ཚིགས་ཐང་དང༌། རྔ་ཉིན་གྱི་ཨ་འདུས་ཐང༌། རྔ་སྨད་གནམ་ལྕག་དགོན་གྱི་ཉེ་འདབས་བཅས་སུ་ལོ་སྔོན་མའི་ཕྱི་ཟླ་ ༣ པ་ཙམ་ནས་དམག་མི་རྒྱུན་སྡོད་བྱས་ཡོད་པ་དང༌། ད་ཆ་གོང་གསལ་གྱི་ས་གནས་དེ་དག་ལ་དམག་སྒར་གསར་རྒྱག་བྱས་ནས་མིང་ལ་རྒན་གསོ་ཁང་བཏགས་ཡོད་མོད། དོན་དངོས་ཐོག་དམག་སྒར་ཆེན་པོ་རེ་རེ་ཡིན་འདུག་པ་དང༌། དེང་སྐབས་ཀྱང་རྔ་པའི་ཁྲོམ་གཞུང་སོགས་ལ་དམག་མི་དང་ཉེན་རྟོག་མི་སྣས་ཉིན་མཚན་ཀུན་ཏུ་ལྟ་སྲུང་ནན་མོ་བྱེད་ཀྱིན་ཡོད་པ་མ་ཟད། དུས་ཚོད་ངེས་མེད་ཀྱིས་མཚམས་མཚམས་ལ་གོང་རིམ་མི་སྣ་རེ་ཡོང་གི་ཡོད་ཚུལ་བརྗོད་ནས་རྫོང་དང་ཐག་ཉེ་བའི་དགོན་པ་ཁག་དང་ཁྲོམ་གཞུང་། དེ་བཞིན་གྲོང་པ་ཁག་བཅས་ལ་དམག་མི་འབོར་ཆེན་འགྲེམ་འཇོག་གིས་འཇིགས་སྣང་སྐུལ་གྱིན་ཡོད་འདུག

བསྐྱར་བཅོས།: ༢༠༡༤/༠༣/༢༦

Leave a Reply

One thought on “དམངས་ཀྱི་ཁྲག་འཇུབ་གི།