ཝར་ཟོ་གྲོང་ཁྱེར་གྱི་མི་སེར་མཚན་མཐོང་།

ཕེ་རི་སི་གྲོང་ཁྱེར་གྱིས་བདུན་ཕྲག་རྗེས་མའི་ནང་༧གོང་ས་མཆོག་ལ་གྲོང་ཁྱེར་དེའི་མི་སེར་གྱི་མཚན་མཐོང་ཕྱག་འཁྱེར་འབུལ་བཞིན་པའི་སྐབས་འདིར། པོ་ལན་ཌི་རྒྱལ་ས་ཝར་ཟོ་ཡིས་ཀྱང་རྒྱ་ནག་གི་གནོན་ཤུགས་ལ་མ་ལྟོས་པར། ༧གོང་ས་མཆོག་གྲོང་ཁྱེར་དེའི་མི་སེར་གྱི་མཚན་སྙན་འབུལ་རྒྱུར་འོས་འདེམས་བྱུང་ཡོད་འདུག

རྒྱལ་སྤྱིའི་གསར་ལམ་ཁག་ཏུ་གནས་ཚུལ་སྤེལ་བ་ལྟར་ན། པོ་ལན་ཌི་རྒྱལ་ས་ཝར་ཟོ་ཡི་ས་གནས་གྲོས་ཚོགས་འཐུས་མི་ཚོས། རྒྱ་ནག་གི་གནོན་ཤུགས་ལ་མ་ལྟོས་པར་ཁ་གཏད་མེད་པའི་ཐོག་༧གོང་ས་མཆོག་ལ་གྲོང་ཁྱེར་དེའི་མི་སེར་གྱི་མཚན་མཐོང་གནང་རྒྱུ་ཡིན་པའི་འོས་འདེམས་བྱུང་ཡོད་འདུག གྲོང་ཁྱེར་དེའི་མགྲིན་ཚབ་པས་གསུངས་དོན། ས་གནས་གྲོས་ཚོགས་འཐུས་མིའི་ཁྲོད་དུ་༧གོང་ས་མཆོག་ལ་གྲོང་ཁྱེར་འདིའི་མི་སེར་མཚན་མཐོང་གནང་རྒྱུ་ཡིན་པར་འོས་འདེམས་སྐབས་ཁ་གཏད་པ་གཅིག་ཀྱང་བྱུང་མེད། ཅེས་དང་། ཡང་འཐུས་མི་ཚོས། གྲོང་ཁྱེར་སྲིད་གཞུང་ཞིག་ལ་མཚོན་ན་ཕྱོགས་གང་ཐད་ནས་ལོ་རྒྱུས་རིང་པོ་ཡོད་ལ། ང་ཚོར་རང་གི་མི་རིགས་དང་རིག་གཞུང་གི་ཆེད་དུ་རང་དབང་དང་འདྲ་མཉམ་འཐབ་རྩོད་བྱེད་མཁན་གྱི་སྐྱེས་བུ་དམ་པ་ཞིག་ལ་མཚན་མཐོང་འབུལ་རྒྱུའི་གཞི་རྩའི་ཐོབ་ཐང་ཡོད་པ་འདི་ལ་མི་ལོ་ ༢༠ ལྷག་གི་ལོ་རྒྱུས་ཡོད། ཅེས་གསུངས་ཡོད་འདུག

༧གོང་ས་མཆོག་ཕྱི་ཟླ་ ༧ པའི་ཟླ་མཇུག་ཏུ་པོ་ལན་ཌིར་གཟིགས་སྐོར་ཆིབས་བསྒྱུར་གནང་རྒྱུ་ཡིན་པ་དང་སྐབས་དེར་རྒྱལ་ས་ཝར་ཟོ་གྲོང་ཁྱེར་སྲིད་གཞུང་གིས་འབུལ་རྒྱུའི་མི་སེར་གྱི་མཚན་མཐོང་དངོས་སུ་བཞེས་རྒྱུ་ཡིན་འདུག

སྔར་ལོའི་ལོ་མཇུག་ཏུ་པོ་ལན་ཌིའི་སྲིད་འཛིན་ཟུར་བ་སྐུ་ཞབས་ཨ་ལེག་ཟན་ཌར་གྱིས་གདན་འདྲེན་གནང་བ་ལྟར་༧གོང་ས་མཆོག་པོ་ལན་ཌིར་གཟིགས་སྐོར་དུ་ཕེབས་ཡོད་ལ། སྐབས་དེར་ཧྥ་རན་སིའི་སྲིད་འཛིན་ཟར་ཁོ་རྫི་མཆོག་དང་མཇལ་འཕྲད་གནང་ཡོད། མཇལ་འཕྲད་འདིའི་དོན་དུ་རྒྱ་ནག་གིས་ཧྥ་རན་སི་ལ་གནོན་ཤུགས་དང་བརྡབ་གསིག་གང་མང་བཟོས་ཡོད་པ་རེད། འཆར་ཟླའི་ཟླ་མགོར་ཧྤ་རན་སིའི་རྒྱལ་ས་ཕེ་རེ་སི་གྲོང་ཁྱེར་སྲིད་གཞུང་གིས་༧གོང་ས་མཆོག་ལ་གྲོང་ཁྱེར་དེའི་མི་སེར་མཚན་མཐོང་ཕྱག་འཁྱེར་བཞེས་པར་གདན་འདྲེན་གནང་ཡོད་པར། རྒྱ་ནག་གིས་སླར་ཡང་ཧྤ་རན་སི་ལ་༧གོང་ས་མཆོག་དང་འབྲེལ་ལམ་འཛུགས་མི་ཉན་པའི་ཉེན་བརྡ་བཏང་ཡོད་འདུག

བསྐྱར་བཅོས།: ༢༠༡༧/༠༥/༠༢

Leave a Reply