རྒྱལ་ཡུམ་ཆེན་མོའི་རྐང་སྤོལ་འགྲན་བསྡུར།

               

བོད་མི་ཚང་མའི་ངོས་ནས་ད་ལྟའི་དུས་སྐབས་འདི་དང་བསྟུན་ཏེ་བོད་སྤྱི་བའི་དོན་ལ་ཐུགས་བསམ་བཞེས་རྒྱུ་དེ་སོ་སོའི་ལས་དོན་ཁྲོད་ཀྱི་ཨང་དང་པོར་བརྩི་རོགས། ཞེས་དཔལ་རྒྱལ་བ་ཀརྨ་པ་མཆོག་གིས་རྒྱལ་ཡུམ་ཆེན་མོའི་རྐང་སྤོལ་འགྲན་བསྡུར་དབུ་འབྱེད་ཀྱི་ཉིན་མོར་གསུངས་ཡོད།

སྐབས་ ༡༥ པའི་རྒྱལ་ཡུམ་ཆེན་མོའི་དྲན་རྟེན་གསེར་གྱི་གཟེངས་རྟགས་རྐང་སྤོལ་འགྲན་བསྡུར་དེ་ཕྱི་ཚེས་ ༣༡ ཉིན་ངྷ་སྟེང་བོད་ཁྱིམ་སློབ་གྲྭའི་རྩེད་ཐང་དུ་ཚུགས་ཤིང་། སྐུ་མགྲོན་གཙོ་བོར་དཔལ་རྒྱལ་བ་ཀརྨ་པ་མཆོག་དང་ཀང་ར་རྫོང་ཉེན་རྟོག་པའི་འགན་འཛིན་རྣམ་གཉིས་གཙོ་ཕེབས་ཡོད་ལ། དེ་བཞིན་བཙན་བྱོལ་བོད་གཞུང་གི་དམངས་གཙོའི་ཀ་བ་གསུམ་གྱི་མཛད་གཙོ་རྣམ་པ་དང༌། གཞུང་འབྲེལ་མ་ཡིན་ཚོགས་པ་ཁག་གི་ཚོགས་གཙོ། བཞུགས་སྒར་གྱི་སེར་སྐྱ་མི་མང་ཕེབས་ཡོད།
 
དབུ་འབྱེད་སྐབས་བོད་རྒྱལ་ཡོངས་རྩེད་རིགས་ཚོགས་པའི་དྲུང་ཆེ་སྐལ་བཟང་དོན་འགྲུབ་ལགས་ཀྱིས་ཐེངས་འདིའི་རྒྱལ་ཡུམ་ཆེན་མོའི་རྐང་སྤོལ་འགྲན་བསྡུར་གྱི་ལོ་རྒྱུས་ངོ་སྤྲོད་དང་འབྲེལ་གསུངས་དོན། ༡༩༩༨ ལོར་རྒྱལ་ཁབ་གཞན་ནས་མགྲོན་ཤོག་ཕུལ་བར་བརྟེན་སྐུའི་གཅུང་མོ་བཀའ་ཟུར་རྗེ་བཙུན་པདྨ་མཆོག་གིས་ཐུགས་ཁུར་བཞེས་ཏེ། བོད་རྒྱལ་ཡོངས་རྐང་རྩེད་སྤོལ་རུ་ཁག་ཐོག་མ་དེ་སྤེལ་ཀོབ་ནས་ཐོག་མར་བསྡུས་པ་དང༌། ༢༠༠༢ ལོར་བོད་རྒྱལ་ཡོངས་རྩེད་རིགས་ཚོགས་པ་དབུ་ཚུགས་པ་རེད། ༡༩༨༡ ལོར་རྒྱལ་ཡུམ་མཆོག་དགོངས་པ་གཞན་དོན་དུ་གཤེགས་རྗེས་བོད་ཁྱིམ་སློབ་གྲྭའི་རྒན་ཇོ་བོ་ཚེ་རིང་གཙོས་མི་སྣ་ཁག་ཅིག་གིས་རྒྱལ་ཡུམ་ཆེན་མོའི་དྲན་རྟེན་གསེར་གྱི་གཟེངས་རྟགས་མགོ་བཙུགས་ཏེ་ད་བར་མི་ལོ་ཉེར་བརྒྱད་ཕྱིན་ཡོད་པ་དང༌། ད་ལྟའི་བར་གྱི་རྩེད་འགྲན་དེ་ཚགས་ཚུད་དང་ཡག་པོ་བྱུང་ཡོད། ང་ཚོའི་རྩེད་འགྲན་ཚོགས་པའི་དམིགས་ཡུལ་གཙོ་བོ་ནི།  རྒྱལ་ཡུམ་དམ་པའི་བཀའ་དྲིན་རྗེས་དྲན་དང༌། གཞོན་སྐྱེས་ཚོར་མཉམ་འཛོམས་ཀྱི་གོ་སྐབས་བསྐྲུན་ཏེ་ཕན་ཚུན་ངོ་ཤེས་པ་དང་སློབ་སྦྱོང་། མཐུན་སྒྲིལ་བྱ་ཆེད་ཡིན། རྩེད་མོ་ལ་ཐོབ་ཤོར་ཡོད་པ་ལྟར། རྩེད་མོ་ཤོར་བ་དེ་རང་བཙན་ཤོར་བ་ལས་སྡུག་པ་ཞིག་མིན་སྟབས། ལྟད་མོ་བ་རྣམས་ཀྱིས་ཐེངས་འདིའི་འགྲན་བསྡུར་ལ་ཐུགས་ཁུར་དང་རྒྱབ་སྐྱོར་གནང་རོགས། ཞེས་འབོད་སྐུལ་ཡང་གནང་སོང༌།
སྐུ་མགྲོན་གཙོ་བོ་དཔལ་རྒྱལ་བ་ཀརྨ་པ་མཆོག་གིས།  སྔོན་མ་ནས་རྒྱལ་ཡུམ་ཆེན་མོ་རྗེས་དྲན་གྱི་རྐང་རྩེད་སྤོ་ལོ་འགྲན་བསྡུར་འཚོགས་ཡོད་པས་ང་རང་དགའ་པོ་ཞེ་དྲག་བྱུང་། ང་རང་འདིའི་སྐོར་ལ་རྒྱུས་ལོན་མེད་སྟབས་མང་པོ་ཞུ་རྒྱུ་མེད་ཀྱང། སྤྱིར་རྩེད་མོའི་རིགས་འདི་ནི་མང་ཚོགས་ཀྱི་དཀའ་ངལ་སེལ་རྒྱུ་དང་ཆིག་སྒྲིལ་གྱི་ནུས་པ་མཚོན་པ། བདེ་སྐྱིད་དང་སྤྲོ་སྣང་འཚོལ་ཡུལ་གལ་ཆེན་ཞིག་ཆགས་ཡོད་སྟབས། ང་རང་ཚོ་ཚང་མའི་ངོས་ནས་རྩེད་མོའི་རྣམ་པ་ཙམ་མ་ཡིན་པར་དོན་སྙིང་དང་རྒྱབ་ལྗོངས་ཡོད་བསྡད་པ་ཞིག་ལ་ངོས་འཛིན་བྱ་རྒྱུ་གལ་ཆེན་པོ་རེད། དེ་རིང་གཞི་རྩའི་རྐང་རྩེད་སྤོ་ལོ་འགྲན་བསྡུར་གྱི་མིང་ཐོག་ནས་གཞོན་སྐྱེས་མང་པོ་ཞིག་ལ་མཉམ་ཞུགས་ཀྱི་གོ་སྐབས་བྱུང་ཡོད་པ་རེད། ང་ཚོ་བཙན་བྱོལ་སྤྱི་ཚོགས་ཁྲོད་གཞོན་སྐྱེས་མང་པོ་ཞིག་ཤེས་ཡོན་དང་འཚོ་བ། ལས་ཀ་སོགས་གང་ཅིའི་ཐད་དཀའ་ངལ་འཕྲད་བསྡད་པའི་གནས་སྟངས་ཆགས་ཡོད་སྟབས། གོ་སྐབས་འདི་དང་བསྟུན་ཕན་ཚུན་ངོ་ཤེས་སུ་གྱུར་ཏེ་ཕན་ཚུན་གྱི་དཀའ་ངལ་སེལ་བར་རོགས་རམ་བྱེད་ཐུབ་ཡོང་བསམ་པའི་ཡིད་ཆེས་བྱེད་བཞིན་ཡོད། དེ་བཞིན། རྐང་རྩེད་སྤོ་ལོ་ལ་དགའ་ཞེན་དང་དེ་ལ་དོ་སྣང་བྱས་ཏེ་མི་མང་པོ་ཞིག་འདིར་འཛོམས་ཡོད་པ་དེས་ང་ཚོ་གཅིག་གྱུར་གྱི་ནུས་པ་དང་སྤྲོ་སྣང་མཚོན་ཐུབ་པ་ཞིག་ཡོང་གི་རེད་བསམ།  ང་ཚོ་བོད་ཀྱི་གནད་དོན་དེ་གཅིག་གྱུར་གྱི་ནུས་པ་བཏོན་ཏེ་ཐག་གཅོད་ཡོང་རྒྱུ་ཞིག་རེད་མ་གཏོགས། གང་ཟག་སྒེར་བ་ཞིག་གིས་ཐག་གཅོད་ཐུབ་པའི་གནས་ཚུལ་ལས་བརྒལ་བསྡད་པའི་གནས་སྟངས་ཆགས་བསྡད་ཡོད། དེ་བས། ཚང་མའི་ངོས་ནས་ད་ལྟའི་དུས་ཚོད་འདི་དང་བསྟུན་ཏེ་སྤྱི་བའི་དོན་ལ་ཐུགས་བསམ་བཞེས་རྒྱུ་དེ་སོ་སོའི་ལས་དོན་གྱི་ཨང་དང་པོ་ལ་བརྩི་རོགས་གནོངས། ཞེས་ལམ་སྟོན་བཀའ་སློབ་གནང་སོང།

ཐེངས་འདིའི་རྒྱལ་ཡུམ་ཆེན་མོའི་དྲན་རྟེན་གྱི་རྐང་སྤོལ་འགྲན་བསྡུར་ནང་ས་གནས་ཁག་ ༡༢  ལྷག་གི་རུ་ཁག་ ༡༨  འཛུལ་ཞུགས་གནང་ཡོད་པ་དང༌། ཕྱི་ཚེས་ ༣༡ ཉིན་ཀང་ར་རྫོང་ཉེན་རྟོག་རྐང་སྤོལ་རུ་ཁག་དང་བོད་ཁྱིམ་མཉམ་འབྲེལ་རྐང་སྤོལ་རུ་ཁག་གཉིས་ཀྱིས་མཛའ་མཐུན་གྱི་རྩེད་འགྲན་བྱས་རྗེས་ཐེངས་འདིའི་རྩེད་འགྲན་གྱི་དངོས་གཞི་མགོ་འཛུགས་གནང་སོང་ལ། ཉིན་རྒྱབ་འགྲན་བསྡུར་དངོས་གཞིའི་སྐབས་བདེ་སྐྱིད་གླིང་དང་རྒྱ་གར་ལྷོ་ཕྱོགས་ཊི་རི་ཇི་ས་གནས་མཐོ་སློབ་ཀྱི་རུ་ཁག་བར་འགྲན་བསྡུར་བྱས་ཏེ། བདེ་སྐྱིད་གླིང་ལ་སྤོ་ལོ་གཉིས་དང་་ཊི་རི་ཇི་ལ་སྤོ་ལོ་ཐོབ་མེད། ཐེངས་འདིའི་འགྲན་བསྡུར་ནི་གཅིག་ཤོར་གཅིག་འབུད་ཀྱི་རྣམ་པར་ཡོད་སྟབས་ཊི་རི་ཇི་རྩེད་འགྲན་ལས་ཡོངས་སུ་ཤོར་ཡོད་པ་རེད།

ད་ལོར་རུ་ཁག་ ༡༨ ཀྱིས་ཉིན་བརྒྱད་རིང་འགྲན་བསྡུར་བྱས་རྗེས་ཕྱི་ཚེས་ ༩ ཉིན་བཀའ་བློན་ཁྲི་པ་ཆེད་ཕེབས་ཀྱིས་བྱ་དགའ་གསོལ་རས་དང་མཇུག་སྡོམ་གསུང་བཤད་གནང་རྒྱུ་རེད།

བསྐྱར་བཅོས།: ༢༠༡༤/༠༣/༢༦

Leave a Reply

3 thoughts on “རྒྱལ་ཡུམ་ཆེན་མོའི་རྐང་སྤོལ་འགྲན་བསྡུར།

  1. ཆུ་ཐིགས་སྔོན་མོ།

    ཨོ་་་་གྲོགས་པོ་ནོར་ལགས་་་་་་་་ལྟོས་དང་འཐབ་རྩོད་ལ་དོ་སྣང་ཡོད་པ་རེད། སྔོན་མ་བྷེ་རིས་དང་རྡེ་ར་རྡུན་གྱིས་འཐབ་རྩོད་སྐད་གྲགས་ཅན་ཞིག་བཞག་པ་ཧ་གོ་མ་སོང་ངམ། འཐབ་རྩོད་ལ་མི་དགའ་མཁན་རུ་ཁག་འགའ་ཤས་ད་ལོ་ཡོང་མི་འདུག་ཟེར་ག། ད་ལྟོས་དང་འཐབ་རྩོད་ལ་དོ་སྣང་ཅན་ཚོ་སླེབས་འདུག་ཟེར།་ ད་ལྟད་མོ་ཡོད་པ་རེད། ཡིན་ནའང་ང་འགྲོ་ཐུབ་ཀྱི་མི་འདུག་གང་ཡིན་ཞེ་ན་་་སྒོར་མོ་མང་པོ་ཞིག་མ་སྤྲད་ན་དམིགས་བསལ་མི་གཏོང་གི་་་་སྤྲད་དགོས་ན་ས་མཐའི་འཚོ་བའི་ཁྲོད་ནས་སྒོར་མོ་ཟེར་བ་རག་རྒྱུ་ཁག་པོ་རེད། རྒྱུ་རྐྱེན་འདི་འདྲ་ཞིག་གི་འོག་ནས་འཐབ་རྩོད་ལ་ཞུགས་ཐུབ་མ་སོང། གང་ལྟར་ང་ཚོ་འགྲོ་མ་ཐུབ་པ་ཚོས་ཤི་སྐྱོན་ངན་པ་རེ་མི་ཡོང་བའི་སྨོན་ལམ་རེ་འདེབས་རྒྱུ་ལས་གཞན་བྱ་ཐབས་མི་འདུག་