དྲུག་བཞི་དང་གསུམ་གཅིག་བཞི། རྩོམ་སྒྲིག་པས།

བོད་ཀྱི་དུས་བབ་གསར་ཤོག་སྤྱིའི་འདོན་ཐེངས་ ༤༥༡ པའི་སྟེང་གི་རྩོམ་སྒྲིག་པའི་གཏམ།

པེ་ཅིན་དང་ལྷ་ས་གཉིས་ཀྱི་གང་ཡིན་ཡང་རྒྱ་ནག་གཞུང་ལ་མཚོན་ན་ལོ་འདིར་ཆེས་དོགས་ཟོན་དང་དམ་དྲག་བྱེད་སའི་ལོ་རྒྱུས་ཀྱི་ས་ཚིགས་གཉིས་ཡིན། ས་ཚིགས་འདི་གཉིས་སུ་རྒྱ་ནག་གཞུང་གིས་སློབ་ཆེན་སློབ་ཕྲུག་ནས་ཉམ་ཐག་ཕྱུགས་རྫི་བར་གྱི་ཉེས་མེད་མི་སེར་དམར་གསོད་བྱས་མྱོང་། ཡིན་ཡང་། ལོ་རྒྱུས་དེ་དག་གུང་ཁྲན་ཏང་གི་མགོ་ཁྲིད་ཚོས་དྲན་པ་ནང་བཞིན་ཞིག་སུ་གཅིག་གི་ཡིད་ལའང་དྲན་མེད་ཚོད་ཡིན།

རྒྱ་ནག་གཞུང་གི་མགོ་ཁྲིད་ཚོའི་དྲན་ཚོད་ལ། དྲུག་བཞི་དང་གསུམ་གཅིག་བཞིའི་དོན་རྐྱེན་གང་ཡིན་ཡང་ལོ་རྒྱུས་ཀྱི་འགྲོས་ལ་བསྟུན་ནས་ངེས་པར་དུ་བསྐྱར་ལོག་རྒྱག་གི་རེད་དྲན་ཡོད། དེ་བས་ལོ་འདི་ནི་ཁོ་ཚོར་མཚོན་ན་ངེས་པ་ཅི་ཡང་མ་འཚལ་ལ་ནམ་ཡང་རང་དབང་ན་མེད་པའི་གྲ་སྒྲིག་ཆེན་པོ་ཞིག་གི་སྐབས་ཡིན། ཁོང་ཚོའི་དྲན་ཚོད་ལ། གལ་སྲིད་ལོ་རྒྱུས་དེ་དག་བསྐྱར་ལོག་བརྒྱབས་ཚེ་སླར་ཡང་ཁོང་ཚོའི་ལག་མགོ་དམར་པོར་འགྱུར་དགོས་ཀྱང་སྔར་གྱི་ལོ་རྒྱུས་ཀྱི་ལམ་བུ་དེ་གཅིག་པུ་ལས་མེད་པར་དྲན་ཡོད། ཡིན་ཡང་། སྐབས་འདིར་ལོ་རྒྱུས་ནི་རྒྱ་ནག་གཞུང་གི་མགོ་ཁྲིད་ཚོས་དྲན་པ་ནང་བཞིན་དུ་བྱུང་མེད།

ཉིན་ཤས་སྔོན་དྲུག་བཞིའི་ལས་འགུལ་བྱུང་ནས་ལོ་ ༢༠ འགོར་བའི་ཉིན་མོ་སྲུང་གཙི་བྱས་ཤིང་། སྐབས་འདིར་འཕེལ་ཕྱོགས་གསར་པ་ཞིག་མཐོང་བ་ནི་བོད་མི་རིགས་དང་རྒྱ་ནག་དམངས་གཙོ་དོན་གཉེར་བ་རྣམས་ཀྱི་བར་ལ་སྔར་དང་མི་འདྲ་བའི་མཛའ་འབྲེལ་ཞིག་འབྱུང་བཞིན་པ་དང་། བོད་མི་རྣམས་ཀྱིས་ཡོངས་ཁྱབ་ཀྱིས་དྲུག་བཞིའི་ལས་འགུལ་བ་རྣམས་དང་དམངས་གཙོ་དོན་གཉེར་བ་རྣམས་ལ་རྒྱབ་སྐྱོར་དང་གདུང་སེམས་མཉམ་སྐྱེད་བྱེད་ཀྱིན་པ་དེ་ཡིན། ལྷག་པར་དུ་ ༣་༡༤ དོན་རྐྱེན་ནས་བཟུང་བོད་རྒྱ་གཉིས་ཀྱི་རང་དབང་གི་འཐབ་རྩོད་འདི་ལའང་ཁ་ཕྱོགས་གསར་པ་ཞིག་བརྙེད་ཅིང་། ཕྱི་ལོགས་ནས་བོད་རྒྱ་གཉིས་ཀྱི་གྲོགས་པོའི་ཚོགས་པའང་རིམ་བཞིན་ཇེ་མང་དུ་འགྱུར་བཞིན་ཡོད། དེའི་ཁར་དོན་དངོས་གཞན་ཞིག་འབྱུང་བཞིན་པ་ནི། སྔོན་མའི་པེ་ཅིན་གྱི་སློབ་ཕྲུག་དམངས་གཙོ་དོན་གཉེར་བ་རྣམས་ཀྱི་ལས་འགུལ་དེ་རིམ་བཞིན་རྒྱ་ནག་ནང་གི་ཁྲིམས་རྩོད་པ་དང་ཤེས་ཡོན་པ་དག་གི་ལས་འགུལ་དུ་འཕོ་བཞིན་ཡོད་ལ། ཁོང་ཚོ་ནི་བོད་ནང་གི་ ༣།༡༤ དོན་རྐྱེན་ལ་རྒྱབ་སྐྱོར་དང་གདུང་སེམས་མཉམ་སྐྱེད་བྱ་མཁན་གྱི་གྲས་ཡིན། འདི་ལྟར་བོད་དང་རྒྱ་ནག་ནང་གི་རང་དབང་དང་དམངས་གཙོའི་ལས་འགུལ་གྱི་སྟོབས་ཤུགས་གསར་པ་ཞིག་མངོན་བཞིན་པའི་སྐབས་འདིར་རྒྱ་ནག་གཞུང་གིས་ཀྱང་གྲ་སྒྲིག་གསར་པ་ཞིག་བྱེད་ཀྱིན་ཡོད།

རྒྱ་ནག་གིས་དུས་རབས་འདིའི་ནང་མི་འབོར་དུང་ཕྱུར་ ༡༣ ལ་དབང་བསྒྱུར་སྐབས་ཀྱི་དཀའ་ངལ་གཅིག་ངེས་ཟིན་ཡོད་ལ། དེ་ནི་བརྡ་འཕྲིན་བརྒྱུད་ལམ་ཡིན། ཟླ་བ་རྗེས་མའི་ཚེས་གཅིག་ཉིན་ནས་བཟུང་། རྒྱ་ནག་གཞུང་གིས་རྒྱལ་ཁབ་དེའི་ནང་གི་གློག་ཀླད་ཚང་མའི་ནང་དུ་མཉེན་ཆས་གསར་པ་སྟེ། གཞོན་སྐྱེས་སྲུང་སྐྱོབ་ཀྱི་ཆུ་རག་ལྗང་ཁུ། ཞེས་པ་ཞིག་འཇུག་རྒྱུ་ཡིན་ཟེར། འདི་ནི་རྒྱ་ནག་ནང་དྲ་རྒྱ་བེད་སྤྱོད་བྱ་མཁན་མི་འབོར་ས་ཡ་ ༣༠༠ ཡི་བརྡ་འཕྲིན་བརྒྱུད་ལམ་ལ་ཚོད་འཛིན་བྱེད་པའི་ཆེད་དུ་ཡིན། གཞུང་ངོས་ནས་མཉེན་ཆས་དེ་ནི་བྱིས་པ་ཚོར་ཆགས་སྲེད་དང་བདེ་འཇགས་མིན་པའི་གནས་ཚུལ་རིགས་འགོག་ཆེད་དུ་ཡིན་ཟེར་ཡང་། དོན་དངོས་སུ་རྒྱ་ནག་གིས་༧གོང་ས་མཆོག་དང་རྒྱ་ནག་གི་དམངས་གཙོའི་ལས་འགུལ་བ་རྣམས་རྒྱ་ནག་དང་བོད་ས་ཁུལ་དུ་གཏན་འགོག་བྱེད་པའི་ཆེད་དུ་ཡིན་པར་ངེས་སོ།

བསྐྱར་བཅོས།: ༢༠༡༤/༠༣/༢༦

Leave a Reply

4 thoughts on “དྲུག་བཞི་དང་གསུམ་གཅིག་བཞི། རྩོམ་སྒྲིག་པས།

  1. རྩོམ་སྒྲིག་པ་ལགས། ཁྱེད་ཀྱིས་ང་ལ་ཟིན་བྲིས་ཞིག་སྒོ་ཕྱེ་འདུག ཡིན་ནའང་ནང་ལ་ཡི་གེ་འབྲི་ས་མི་འགྲོ་ཀི ཅིག་འགྲིག་ཡོད་ས་མ་རེད། སྐུ་མཁྱེན།རོགས་པ་ཞིག་གནང་རོགས།

  2. མི་ནག་ཚང་ལུང་རིགས་རྒྱལ།

    ཐུགས་རྗེ་ཆེ། གསུམ་གཅིག་བཞི་ཞེས་པ་འདིར་ང་ཡང་འཐད་པ་མེད། དེའི་སྐོར་ལོ་སྔོན་མ་ཞིག་ལའང་གླེང་བ་ཡིན། ཉེ་ཆར་༧གོང་ས་མཆོག་གིས་ཀྱང་ ༣་༡༤ ནས་ཡར་ལངས་བྱས་པ་མ་རེད། ༣།༡༠ ཉིན་ནས་ལངས་པ་རེད་ཅེས་ཧྥ་རན་སི་ནས་རྒྱ་རིགས་ཚོར་གསུངས་འདུག གསུམ་གཅིག་བཞི་ནི་རྒྱ་ནག་གིས་བཏགས་པ་རེད། བོད་ཀྱིས་གསུམ་བཅུའི་དུས་དྲན་ཞེས་འབོད་གི་རེད། ཡིན་ཡང་། དེང་སྐབས་བཙན་བྱོལ་བོད་གཞུང་གི་ཡིག་ཆ་ཁག་ནའང་གསུམ་གཅིག་བཞིའི་དོན་རྐྱེན་ཞེས་འབྲི་གིན་འདུག རྒྱལ་སྤྱིའི་སྤྱི་ཚོགས་སུའང་ ༣།༡༤ ཞེས་གླེང་གི་འདུག དེ་བས་དོན་རྐྱེན་འདི་ནི་ ༣།༡༠ དུས་དྲན་ཉིན་གྱི་ངོ་རྒོལ་མིན་པར། བོད་ཀྱི་ལོ་རྒྱུས་ནང་བྱུང་བའི་ལོ་གཅིག་གི་དོན་རྐྱེན་དམིགས་བཀར་བ་ཞིག་ལ་ངོས་འཛིན་བྱེད་ཀྱིན་འདུག

    ངས་འདིར་དུས་དྲན་དེ་གཉིས་གཅིག་པ་རེད་ཅེས་བཤད་ཀྱིན་མེད། ས་ཚིགས་གཉིས་ནས་བྱུང་བའི་ལོ་རྒྱུས་ཀྱི་དོན་རྐྱེན་གཉིས་རེད། དོན་རྐྱེན་འདི་གཉིས་ཐག་གཅོད་བྱེད་མཁན་ནི་རྒྱ་ནག་གཞུང་རེད། ཡིན་ཡང་། དེང་སྐབས་འཐབ་རྩོད་བྱེད་མཁན་བོད་རྒྱ་གཉིས་ཀྱི་མི་དམངས་བར་འབྲེལ་བ་ཞིག་ཚུགས་ཀྱིན་ཡོད་ལ། དེའང་༧གོང་ས་མཆོག་གི་དགོངས་གཞི་དང་མཐུན་པའི་ཐོག་ནས་ཁ་ཕྱོགས་ཤིག་ལ་འཕེལ་གྱིན་ཡོད་པར་བཤད་པ་ཡིན། ལོ་སྔོན་མར་བོད་མི་ཚོར་ངོ་རྒོལ་བྱེད་མཁན་ཧྥ་རན་སིའི་རྒྱ་རིགས་སློབ་ཕྲུག་ཚོའང་ཉེ་ཆར་༧གོང་ས་མཆོག་ལ་མཇལ་ཁ་ཞུ་བར་བསླེབས་འདུག ཚང་མ་ཡོང་མ་བདེ་བར་སློབ་མའི་སྐུ་ཚབ་ཀྱི་ངོས་ནས་བསླེབས་འདུག འདིའང་ཡག་ཕྱོགས་ཀྱི་གནས་ཚུལ་ཞིག་ལ་ངོས་འཛིན་བྱ་འོས་པར་འདོད་པ་ཡིན་ནོ།

  3. རྩོམ་སྒྲིག་ལགས། དྲུག་བཞི་དང་གསུམ་གཅིག་བཞི་ལ་ཁྱད་པར་ཆེན་པོ་ཡོད། དྲུག་བཞི་ནི་དམར་གསོད་བྱེད་མཁན་གྱིས་བཏགས་པ་ཞིག་མ་ཡིན་པར། དམར་གསོད་བྱེད་ཡུལ་སློབ་ཕྲུག་ཚོས་ནམ་ཡང་བརྗེད་མི་རུང་བའི་ཉིན་མོ་ཞིག་ལ་ངེས་འཛིན་བྱས་པ་རེད། གསུམ་གཅིག་བཞི་ནི་དམར་གསོད་བྱེད་མཁན་ཚོས་བོད་པའི་མགོར་མྱི་ཤ་འཇོག་པ་དང་གསུམ་བཅུའི་ཉིན་མོ་བོད་པིའ་སེམས་ནས་མེད་པར་བཟོ་འདོད་པའི་གཡོ་ཁྲབ་ཀྱི་ཉིན་མོ་ཞིག་རེད། དྲུག་བཞི་དོན་རྐྱེན་སྐབས་བོད་སློབ་མང་པོས་སྐད་འབོད་བྱས་ཡོད་པ་གོ་མྱོང། ན་ནངས་ད་ལོར་དེའི་འབྲེལ་འཐུད་བྱུང་ཡོད་པ་བདེན། གསུམ་གཅིག་བཞིའི་དྲིལ་བསྒྲགས་ཀྱིས་བསྐྱེད་པའི་རྒྱ་་ཕྲུག་སྟོང་ཕྲག་མང་པོས་བོད་ལ་ངོ་རྒཽལ་བྱས་པའི་ཞེ་ཁོན་ད་དང་འཇགས་མེད།

  4. རྒྱ་ནག་གཞུང་གིས་བརྡ་འཕྲིན་བརྒྱུད་ལམ་བེད་སྤྱོད་དང་། བརྡ་འཕྲིན་བརྒྱུད་ལམ་གྱི་ཁྲོད་ནས་ཁེ་ཕན་དང་ཉེན་སྲུང་། དྲིལ་བསྒྲགས་སོགས་རྒྱལ་ཁབ་བརྟན་སྲུང་གི་ལས་དོན་སྣ་མང་ཞིག་སྤེལ་གྱི་ཡོད་ཚོད་དུ་འདུག་ཀྱང། ང་ཚོ་བཙན་བྱོལ་བའི་ཁྲོད་དུ་དྲ་རྒྱའི་བརྒྚད་ལམ་ཁྲོད་ནས་ཁེ་ཕན་དང་དྲིལ་བསྒྲགས་སོགས་ཀྱི་ཐོག་དེ་ཙམ་བེད་སྤྱོད་བྱེད་མི་ཐུབ་པའི་ཚོར་སྣང་ཤུགས་ཆེན་ཡོད་པ་དེ་དོ་སྣང་ཅན་གྱི་གང་ཟག་ཚོས་གླེང་བཞིན་འདུག་པས། ང་ཚོས་ཀྱང་དྲ་རྒྱའི་བརྒྱུད་ལམ་ཁྲོད་ནས་བདེན་དོན་འཐབ་རྩོད་ཀྱི་ལས་གཞི་ཡང་ཞར་དང་ཞོར་ལ་བསྒྲུབ་གལ་མི་ཆེའམ།