ངའི་ཕ་མ་གཉིས་དང་གཞིས་མགོའི་བྱ་སྤྱོད། བུ་མོ་བསྟན་འཛིན་འོད་ཟེར།

བསྟན་འཛིན་འོད་ཟེར།

ངའི་བརྩེ་བའི་ཕ་མ་གཉིས་ཏེ་སེབ་ཀོབ་གཞིས་རྙིང་ཁོངས་གོ་ལ་ཐཱ་ལའི་གྲོང་སྡེ་༥ ཁང་ཨང་༨༧ ནང་སྡོད་ལོ་༧༣ ཅན་གྱི་སྤོ་ཨ་དར་རིག་འཛིན་དང་། ལོ་༧༢ ཅན་གྱི་སྨོ་ཆོས་སྦིས་གཉིས་ཀྱི་ཞིང་ཁ་ཨེ་ཀ་ ༡ ཡོད་པ་གོང་དུ་རྒྱ་གར་གཞུང་གི་ས་ཆ་ཞིག་ཡོད་པ་དེ་ནས་ཕར་སྟག་ལྷ་ཅན་སོགས་མི་ཁག་གཅིག་གིས་ཁོང་ཚོའི་ཞིང་སར་འགྲོ་ལམ་སྤྲད་དགོས་པའི་རྩོད་རྙོག་ཅིག་༢༠༠༣ ལོ་ནས་བྱུང་བར། དེ་ལ་སྐབས་དེའི་མི་རྗེ་སྐུ་ངོ་ལྷག་པ་མཆོག་ནས་དྲང་བདེན་དཔང་བཞག་གནང་སྟེ་ངའི་ཕ་མ་གཉིས་ཀྱིས་རྒྱ་གར་བའི་ས་ཆའི་སྟེང་གི་ར་བ་རྩ་བཀོག་གིས་ལམ་ཁ་བཟོ་བཅུག་རྒྱུ་དང་། ལམ་ཁ་བཟོ་སྐབས་སུ་ར་བའི་ལྕགས་རྡོའི་རིན་པ་སོགས་རྒན་འཁོགས་གཉིས་ལ་སྤྲོད་རྒྱུ་ཐག་གཅོད་གནང་སྟེ་དེ་ལུགས་བོད་གཞུང་ནང་སྲིད་ལ་བཀའ་འདྲི་དང་འབྲེལ་ཐག་གཅོད་གཙང་མ་གནང་བའི་བཀའ་ཡིག་ཕེབས་པར་ངའིཕ་མ་གཉིས་ཀྱིས་ཀྱང་དང་ལེན་གཙང་མ་ཞུས་ཡོད་ཀྱང་། གྱོད་ཡ་འབྱོར་ལྡན་སྟག་ལྷ་ཅན་སོགས་ཀྱིས་དང་ལེན་མ་བྱས་པ་མ་ཟད། སྐུ་ངོ་དང་གཞུང་ས་ནས་དེ་ལུགས་ཐག་གཅོད་ཀྱི་བཅད་ཁྲའི་ཡིག་ཆ་གནང་བ་དེ་ཡང་། སྤྱི་མི་ཁ་ཤས་ཀྱིས་ཕྱུག་པོ་ངོ་འཛིན་བྱས་ནས་ཟླ་བ་བཅུ་ཙམ་ཞིག་ལ་ཡིག་ཆ་ལྐོག་ཉར་གྱིས་ངའི་ཕ་མ་གཉིས་ལ་སྤྲད་མེད་པ་དང་། གསལ་བསྒྲགས་ཙམ་ཡང་མ་བྱས་པར་བཞག་པ་རེད། ༢༠༠༦ ལོའི་ཟླ་༥ ཚེས་༤ ལ་བཅད་ཁྲའི་ཡིག་ཆ་གནང་བ་དེ་རུ་ཚེས་༣༠ ནང་ཚུན་དུ་གྱོད་ཡ་ཕན་ཚུན་གཉིས་ཐད་ནས་ཀ་ཀོར་མེད་པར་ལས་དོན་མ་འགྲུབ་ཚེ་ཉེས་ཆད་གཏོང་རྒྱུ་བཅས་ཀྱི་གསལ་ཁ་ཡོད་ན་ཡང་། དེ་ཡང་ཁོང་ཚོས་དེ་ལྟར་རྩིས་མེད་བཏང་བ་རེད། ངའི་ཕ་མ་གཉིས་ལ་རྒྱབ་དཔུང་མེད་པ་དང་ཐུབ་ཚོད་གཏོང་ཆོག་ཆོག་ཡིན་པ་ཤེས་རྗེས་ཧམ་སྲེད་ཆེ་རུ་བཏང་སྟེ་དེའི་རྗེས་སུ་རིམ་པས་རྒྱ་གར་གྱི་ས་ཆའི་སྟེང་ནས་ལམ་ཁ་སྤྲོད་པ་དེས་འགྲིགས་ཀྱི་མི་འདུག ངའི་ཕ་མའི་ས་ཆའི་སྟེང་ནས་ལམ་ཁ་སྤྲོད་དགོས་ལུགས་ཀྱི་དབང་ཡོད་དང་འཇིགས་སྐུལ་བློ་ཡུལ་ལས་བརྒལ་བ་བྱས་འདུག དེ་རེས་༢༠༠༨ ལོའི་སེལ་ཀོབ་སྐུ་ངོ་དོན་གཅོད་བཀྲ་ཤིས་དབང་འདུས་ཆེད་ཕེབས་ཀྱིས་ངའི་ཕ་མ་གཉིས་ཀྱི་ཞིང་ཁའི་ར་བ་བཀོག་དགོས་པ་མི་འདུག་རྒྱ་ར་བའི་ས་ཆའི་སྟེང་ནས་ལམ་ཁ་སྟབས་བདེ་བོ་བཟོ་ཆོག་པ་འདུག་ཅེས་གསུང་ནས་དེ་ལྟར་ལྷག་པ་རེད། ཡ་མཚར་བ་ཞིག་ལ་ཉེ་ཆར་སྐུ་ངོ་དོན་གཅོད་བརྗེ་ལེན་ལ་ཉེ་སྐབས་༢༠༠༩ ལོའི་ཟླ་༥ ཚེས་༦ ཉིན། སྟག་ལྷ་ཅན་སོགས་ཀྱིས་ངའི་ཕ་མའི་ཞིང་ས་ནས་ར་བ་བཀོག་རྩིས་བྱས་པར་སུས་བཀོག་ཆོག་པའི་བཀའ་ཡོད་པ་དང་། ངའི་ཕ་མ་གཉིས་ལ་དོན་གཅོད་སྔ་མའི་བཀའ་ཡིག་འཁྲུལ་མེད་ཡོད་པའི་གནས་ཚུལ་བཤད་སྐབས་སུ། སྐུ་ངོ་དོན་གཅོད་མཆོག་གིས་ར་བ་བཀོག་ཆོག་པའི་བཀའ་གནང་ཡོད་པར་བཤད་འདུག ངའི་ཕ་མ་ཡིད་མ་ཆེས་པར་དོན་གཅོད་ལས་ཁུངས་སུ་ཆེད་བཅར་ཞུས་སྐབས་སུ། སྐུ་ངོ་མེ་སོར་ཕེབས་སོང་ཟེར་ནས་ཐུག་བཅུག་མི་འདུག དོན་དངོས་མེ་སོར་ལ་སོང་མི་འདུག་ལ་ངའི་ཕ་ལགས་ཀྱི་ཁ་མཆུ་ལ་གཡོལ་བ་ཡིན་འདུག ཕྱི་ཟླ་༥ ཚེས་༨ ཉིན་ལ་དོན་གཅོད་རང་ཉིད་གོ་ལ་ཐ་ལར་སླེབས་སྐབས་ངའི་ཕ་མས་བོད་གཞུང་དང་དོན་གཅོད་སྔ་མའི་ཐག་གཅོད་གནང་བའི་ཡིག་ཆ་ཕུལ་ཏེ་སྐྱིད་སྡུག་གནས་ཚུལ་ཞུས་སྐབས་བཀའ་ཡིག་ལ་ཁ་ཡ་ཙམ་ཡང་མ་བྱས་པར་རྡོག་རོལ་གཏོང་སྟེ་བཤད་རེས་བྱེད་སྐབས་སུ་རྒྱ་གར་གཞུང་གི་ཁྲིམས་ཁང་ལ་བསྐྱེལ་གྱི་ཡིན་ཞེས་ལབ་འདུག ཕ་ལགས་ཀྱིས་བསྐྱེལ་རོགས་གནང་ཞུས་པར་དེ་ནས་ཕྱོགས་གཏོགས་ཁག་གཅིག་གིས་སྐུ་ངོ་ཁྲིམས་ལ་མ་གཏུགས་རོགས་དཀའ་ངལ་ཆེན་པོ་ཡོང་གི་རེད་ཅེས་ལབ་པས་དེ་ལ་ཆ་འཇོག་འཛིན་ཁུལ་བྱས་འདུག ད་དུང་ས་གནས་ཀྱི་ཉེར་རྟོག་པ་དང་། གཞུང་གི་ལས་ཁུངས་ཚང་མ་ལ་འབྲེལ་བ་བྱས་ཡོད་སོགས་འཇིགས་སྐུལ་ཡང་བྱས་འདུག དེ་ནས་ངའི་ཕ་མའི་ཞིང་ཁར་ཕྱིན་ཏེ་དབང་ཡོད་ཆེན་པོས་གཞིས་གྲོང་གྱི་སྤྱི་མི་ཚེ་དབང་ཚེ་དར་དང། རྟ་མགྲིན་གཉིས་དང་། སྟག་ལྷ་ཅན་སོགས་མི་གྲངས་བཅུ་གཅིག་ཡོང་ནས་ཁ་བསྒྲིགས་དཔུང་བསྒྲིགས་ཀྱིས་རྒན་འཁོགས་གཉིས་ཀྱི་ཞིང་ཁའི་ཨེ་ཀའི་གོང་ནས་ར་བ་གཏོར་བཀོག་གིས་ཞེང་ལ་ཕུ་ཀྲི་ཉི་ཤུ་ཅན་གྱི་ལམ་ཁ་ཞིག་འབྱོར་ལྡན་ཁག་གི་གླང་གོག་ཤིང་རྟ་འདེད་ལམ་དུ་སྤྲད་དེ། ངའི་ཕ་མ་གཉིས་ལ་བཤད་དབང་དང་བྱེད་དབང་མེད་པའི་བརྙས་བཅོས་བྱས་ཡོད་པ་མ་ཟད་ཐ་མར་ཉེས་རྡུང་གཏོང་ཡས་ཀྱི་མཚམས་ལའང་སླེབས་འདུག སྔོན་ཆད་བྱུང་མ་མོང་བའི་ཞིང་ཁ་གཏོར་བཀོག་གི་བྱེད་སྟངས་འདིས་ངའི་ཕ་མ་གཉིས་ལ་སེམས་སྡུག་དང་བློ་ཕམ་བྱུང་འདུག་ལ་བོད་ཀྱི་སྤྱིཚོགས་འདིའི་ལྟོག་ཟ་རུལ་སུངས་ཀྱི་བྱ་སྤྱོད་ཀྱང་ལྷང་ལ་ཐོན་པ་རེད། ས་ཞིང་དེ་ནི་ཕྱི་ལོ་༡༩༧༤ ལོར་ངའི་ཕ་མ་གཉིས་ལ་༸གོང་ས་མཆོག་དང་བོད་གཞུང་གིས་གནང་ཞིང་། སེལ་ཀོབ་ས་གནས་སུ་ད་བར་ས་ཞིང་བཙན་འཕྲོག་གྱིས་བཅད་གཏུབ་བྱེད་པའི་གནས་ཚུལ་དེ་འདྲ་ཞིག་བྱུང་མྱོང་མེད་པ་རེད། ལོ་ངོ་སུམ་ཅུ་བཞི་བཅུའི་རིང་ལ་ལམ་ཁ་མེད་པའི་དཀའ་ངལ་མེད་པ་དང་། ལམ་ཁ་འོག་དེ་གར་ཡོད་བབཞིན་དུ་སྐུ་ངོ་སོགས་ནས་སྔོན་གྱི་ལམ་ཁ་དེ་ལམ་ཁ་རྙིང་པ་རེད་ཅེས་དང་། ཁྱོད་ཀྱི་ཡིག་དེ་ཡིག་ཆ་རྙིང་པ་རེད་ཅེས་སོགས་ཁུངས་ལུང་མེད་པའི་སྐད་ཆ་མང་པོ་བཤད་དེ་ཤི་ལ་ཉེ་བའི་ངའི་ཕ་མ་གཉིས་ལ་ཐུབ་ཚོད་ཚད་མེད་བཏང་བའི་རྐྱེན་གྱིས་ངའི་ཕ་མ་གཉིས་ཀྱིས་༸གོང་ས་སྐྱབས་མགོན་ཆེན་པོ་མཁྱེན་ཁྱོད་ལས་རེ་ས་གཞན་དུ་མི་འདུག་ཅེས་མིག་ནས་མཆི་མ་གཏོང་བཞིན་བསྡད་འདུག་ལ། དེའི་ཉིན་ཤས་རྗེས་གཞིས་ཆགས་ལས་ཁུངས་སུ་འབོད་འགུག་གིས་རྒན་འཁོགས་གཉིས་སེམས་གསོ་བྱེད་རྒྱུ་ཡོད་མདོག་གི་ལན་ཞིག་སྤྱི་མི་བརྒྱུད་ནས་བྱུང་འདུག་ཀྱང་ས་ཞིང་འཕྲོག་བཅོམ་དང་བརྙས་བཅོས་དང་ཐུབ་ཚོད་གཏོང་ཚར་ནས་སེམས་གསོ་རྒྱུ་གང་ཡང་ལྷག་མི་འདུག་ཅེས་ཁོང་གཉིས་ཕྱིན་མི་འདུག དེའི་རྗེས་༢༠༠༩ ལོའི་ཟླ་བ་༥ ཚེས་༢༥ ཉིན་ལ་སེམས་ཕམ་གྱི་གནས་ཚུལ་དང་ཐག་གཅོད་ལ་བློ་བབ་མེད་པའི་གནས་ཚུལ་ཞིབ་ཕྲ་སྙན་ཞུའི་ཐོག་ནས་བྲིས་ཏེ་ཕྱིར་ལན་ཡང་ཡིག་ཐོག་རང་ན་ཟླ་༦ ཚེས་༡ ཚུན་ཆད་དུ་ངེས་པར་དགོས་ལ་དེ་མེད་ན་གསར་ལམ་ཁག་ལ་བཀྲམ་རྒྱུ་ཡིན་རབས་གསལ་བོར་བཀོད་དེ་དོན་གཅོད་གསར་རྙིང་བརྗེ་ལེན་བྱེད་པའི་ཚོགས་ཆེན་ཐོག་ངའི་ཨ་མས་སྤྲོད་སྐབས་སུ་སྐུ་ངོ་བཀྲ་ཤིས་དབང་འདུས་ཁོ་རང་གིས་ཕན་ཚུན་གཉིས་ཕན་གྱི་ཐག་གཅོད་བྱས་ཡོད་ཚུལ་ཞིག་ཁ་ནས་གསལ་བཤད་ཅིག་བྱས་པ་ལས་ཕྱིར་ཡིག་ཐོག་ནས་ལན་གང་ཡང་མ་གནང་བས་སྙན་ཞུའི་ནང་འཁོད་པ་བཞིན་དེ་རིང་འདི་གསར་ལམ་ཁག་ལ་ཡོངས་ཁབ་ཏུ་བཀྲམས་པ་ཡིན། དེ་འདྲའི་གནས་ཚུལ་བྱུང་བར་གུས་མོའི་ཕ་མ་གཉིས་ལ་ལྟོ་གོས་ལ་གྱོང་ཆེན་པོ་དེ་ཙམ་མེད་ཀྱང་། ༧གོང་ས་མཆོག་དང་ཡ་རབས་བཟང་སྤྱོད་ལྡན་པའི་གཞུང་ཞིག་གིས་བསྐོ་བཞག་བྱས་པའི་དོན་གཅོད་ཅིག་དང་། གཞིས་གྲོང་གི་སྤྱི་མི་དང་གྲོང་མི་མང་པོ་ཞིག་ཁ་མཐུན་གྱིས་རྒན་འཁོགས་གཉིས་ལ་བརྙས་བཅོས་གཏོང་བ་དེ་ལ་སེམས་ཕམ་ཡིད་སྡུག་ཆེན་པོ་བྱུང་ལ། ངའི་ཕ་མ་གཉིས་དང་འའདྲ་བའི་ཉམ་ཆུང་གཞན་ལ་ཡང་མ་འོངས་པར་སྐུ་ངོ་ཁག་དང་འབོར་ལྡན་ཁག་དཔུང་སྒྲིག་གིས། སྐྱབས་བཅོལ་བའི་གནས་སྟངས་ཐབས་སྐྱོ་བོ་འདིའི་སྟེང་དུ་ནང་ཁུལ་ཐུབ་ཚོད་དང་བརྙས་བཅོས་མི་ཡོང་བའི་ཆེད་དུ་དེ་རིང་གི་ཡིད་སྐྱོའི་གནས་ཚུལ་འདི་རང་དབང་ཅན་གྱི་གསར་ལམ་ཁག་ལ་ཡོངས་ཁྱབ་ཏུ་བཀྲམ་པ་ཡིན།

ཁེ་ན་དྲ་གནས་སྡོད་གུས་མོ་བསྟན་འཛིན་འོད་ཟེར་ནས། ༢༠༠༩ ལོའི་ཟླ་༦ ཚེས་༧ ཉིན།

བསྐྱར་བཅོས།: ༢༠༡༤/༠༣/༢༦

Leave a Reply

5 thoughts on “ངའི་ཕ་མ་གཉིས་དང་གཞིས་མགོའི་བྱ་སྤྱོད། བུ་མོ་བསྟན་འཛིན་འོད་ཟེར།

  1. རྔ་བ་དགེ་འདུན་རྒྱ་མཚོ།

    གནས་ཚུལ་འདི་རིགས་ཕལ་ཆེར་ཁུངས་དག་ཡིན་ཤས་ཆེ། ཞུ་མཁན་གྱིས་ཀྱང་བོད་གཞུང་གི་ལས་ཁུངས་ཁག་ལ་རིམ་པས་ཞུ་དགོས་ལ། བོད་གཞུང་གིས་ཀྱང་གནས་ཚུལ་འདི་རིགས་སྣང་མེད་དུ་མ་བཞག་པར་ཞིབ་འཇུག་ཡག་པོ་ཞིག་བྱེད་ནས། ཐག་གཅོད་གཙང་མ་ཞིག་གནང་རོགས།