མནར་གཅོད་ཀྱི་གོ་རིམ་བཀླགས་རྗེས། པདྨ་ཚེ་དབང་ཤཱསྟྲི།

པདྨ་ཚེ་དབང་ཤཱསྟྲི།

ཉེ་ཆར་ཁ་བརྡ་དྲྭ་རྒྱའི་ནང་དུ་ཐོན་པའི་འཇམ་དབྱངས་སྐྱིད་ལཊ་ཀྱི་མནར་གཅོད་ཀྱི་གོ་རིམ་ཞིག་ཅེས་འགོ་བརྗོད་དུ་འཁོད་པ། ཁོ་མོ་རྒྱ་ནག་གཞུང་གི་ཉེན་རྟོག་པས་གློ་བུར་ཐོག་རྒྱག་ཏུ་འཛིན་བཟུང་གིས་ཉིན་ཉི་ཤུའི་རིང་བཀག་ཉར་དང༌། དྲི་བརྩད་ཀྱིས་བསམ་ཡུལ་ལས་འདས་པའི་མནར་གཅོད་མྱངས་པའི་སྐོར་ཞིག་བཀླགས་རྗེས། དེ་སྔ་ནཱཛིའི་བཙན་འོག་ཏུ་འཇིའུ་མི་རིགས་ཀྱིས་མནར་གཅོད་སྡུག་སྦྱོང་ཇི་ལྟར་མྱངས་སྐོར་གྱི་གློག་བརྙན་ཞིག་སྐྱར་བལྟ་བྱས་པ་ནང་བཞིན་སེམས་ནང་དུ་འགྲེལ་བརྗོད་བྱེད་མི་ཤེས་པའི་འཇིགས་སྣང་སྐྱི་གཡའ་བ་ཞིག་སྐྱེས།

ཅི་སྟེ་འཇམ་དབྱངས་སྐྱིད་ལྟ་བུའི་ཤེས་ཡོན་ཅན་གྱི་གླུ་མ་དང༌། རྒྱ་གཞུང་གི་བརྙན་འཕྲིན་ཁང་དུ་གསར་འགྱུར་དང་འབྲེལ་བའི་ཕྱག་ལས་གནང་བཞིན་པའི་མི་སྣ་གྲགས་ཅན་དེ་འདྲ་ཞིག་ལ། རྒྱ་ནག་གཞུང་གིས་མ་ཉེས་ཁ་གཡོག་གིས་ཨ་རིར་ཕྱིར་བསྐྱོད་བྱས་པ་དང༌། ཕྱི་སྡོད་བོད་རིགས་ཁ་ཤས་དང༌། བཙན་བྱོལ་བོད་གཞུང་གི་ལས་བྱེད་དང་འབྲེལ་འདྲིས་བྱས་པ། གཞན་ལ་འཕྲིན་ཐུང་བསྐུར་བ་སོགས་ལ་བསྙད་དེ། ཧ་ལམ་ཉིན་མཚན་བསྟུད་མར་ལས་ཁུངས་དང༌། མགྲོན་ཁང༌། བཀག་ཉར་ཁང་བཅས་སུ་བཀག་བསྐྱིལ་དོ་དམ་གྱི་འོག་ཏུ་དྲི་བརྩད་ཀྱིས་སྡིག་ར་བསྐུལ་སྟངས་དང༌། ཀ་བ་ལ་བསྐོར་ཏེ་མདུང་མར་བརྡ་སྤྲོད་སྟངས་སོགས་ལ་གཞིགས་ན། སྤྱི་ཚོགས་ཀྱི་ནང་དུ་སྙན་གྲགས་མེད་པ་དང༌། རྒྱ་གཞུང་གི་ལས་བྱེད་མིན་པ། ཤེས་ཡོན་མེད་པའི་བོད་མི་དཀྱུས་མ་ཁྲི་ཕྲག་དུ་མར་རྒྱ་གཞུང་གིས་མནར་གཅོད་ཇི་ལྟར་བཏང་དང་གཏོང་བཞིན་ཡོད་པ་ནི་ཚོད་དཔག་ཀྱང་བྱེད་དཀའ་བར་མངོན།

གཞིས་ལུས་གངས་ཅན་པ་ཚོས་རང་གི་མི་རིགས་དང༌། རིག་གཞུང༌། རྒྱལ་ཁབ་བཅས་ཀྱི་དོན་དུ་རྒྱ་འོག་ཏུ་མྱངས་དང་མྱོང་བཞིན་པའི་མནར་གཅོད་དཀའ་སྡུག་གི་གནས་བབ་འདི་ལྟར་ཐོས་ཚེ་བྱེས་འབྱོར་རང་རིགས་ཡོད་དོ་ཅོག་གི་སྙིང་རྩ་རང་ཤུགས་ཀྱིས་འདར་བ་ནི་གདོན་མི་ཟ། ༧རྒྱལ་དབང་སྐལ་བཟང་རྒྱ་མཚོས། ཕྱོགས་ཀུན་འབར་བའི་མེ་ལྕེས་བསྲེག་ཅིང་ཁ་གདངས་མིག་རྩ་དམར་ཁྲོས་པའི། གཤེད་མས་ཁོར་ཡུག་ཀུན་ནས་འཇིགས་བསྐྱེད་ལ་ལ་ཟངས་ཞུན་འབར་བའི་ཁྲོད། ཅེས་སོགས་དམྱལ་ཁམས་ཀྱི་གནས་སྟངས་གསུངས་པ་ལྟར་གཞིས་ལུས་ཆོལ་གསུམ་སྤུན་ཟླ་ཉེས་མེད་གྲངས་ལས་འདས་པ་རྣམས་ཀྱིས་དམྱལ་ཁམས་མི་ཡུལ་དུ་དངོས་སུ་མྱོང་བཞིན་པའི་གནས་སྐབས་དང༌། རྒྱ་གཞུང་གིས་རྒྱལ་ཁབ་ཀྱི་བདེ་འཇགས་དང༌། ཁ་བྲལ་རིང་ལུགས། ཏཱ་ལའི་ཤོག་ཁག་སོགས་ལ་ཁ་གཡར་ནས་མདོར་ན། བོད་མི་ས་ཡ་དྲུག་པོ་དེ་རྡུང་རྡེག་ཚ་ནན་དང༌། རྒྱལ་གཅེས་ཆོས་གཅེས་སོགས་གོ་རིམ་ལྡན་པའི་འཐབ་བྱུས་སྣ་ཚོགས་ཀྱི་ལམ་ནས་རྩ་མེད་ཤུལ་མེད་དུ་བཟོ་རྒྱུའི་ངན་འཆར་སྙིང་བཅངས་ཡོད་པ་གསལ་པོར་མངོན་བཞིན་པ་འདིར་བསམ་ཚེ། རང་ཅག་བྱེས་འབྱོར་བ་རྣམས་ནས་མཆོག་གསུམ་ལ་ཐུགས་སྨོན་དང༌། མར་མེའི་ཁྲོམ་བསྐོར། སྐད་འབོད་དང་གོམ་བགྲོད། རྒྱལ་སྤྱིའི་བོད་དོན་རྒྱབ་སྐྱོར་བ་ཚོར་རེ་སྐུལ་ཞུ་བ་སོགས་ཀྱི་ལམ་ནས་གདུང་སེམས་མཉམ་སྐྱེད་མཚོན་པ་བྱེད་རྒྱུ་ཙམ་ལས། གཞིས་ལུས་སྤུན་ཟླ་རྣམས་ཀྱིས་མྱངས་དང་མྱོང་བཞིན་པའི་དཀའ་ཚེགས་མཉམ་མྱོང་བྱེད་རྒྱུ་ལྟར་བཞག་ཐ་ན་ཕྲན་བུ་ཆུང་དུ་གཏོང་རྒྱུའི་ནུས་པ་ཡང་མེད་པའི་གནས་སྟངས་འདིར་སྐྱོ་བ་གཏིང་ནས་སྐྱེས། འཇམ་དབྱངས་སྐྱིད་ལཊ་ཀྱིས་བོད་རྒྱལ་ཁབ་དང་མི་རིགས་ཀྱི་དོན་དུ་རང་ཉིད་ཀྱི་བདེ་འཇགས་བློ་ཁོག་ཆེན་པོའི་སྒོ་ནས་བློས་གཏོང་གནང་སྟེ་རང་སྟེང་གི་མྱོང་བ་ཟིན་ཐོར་བཀོད་པ་མ་ཟད། དྲ་སྟེང་དུ་བཀྲམས་པ་དེས་གཞིས་བྱེས་བོད་མི་ཡོད་དོ་ཅོག་དང༌། ལྷག་པར་དུ་ཁྱི་སྤྱང་ལག་འབྲེལ་བྱེད་མཁན་གྱི་ཤེས་ལྡན་མི་སྣ་ཚོར་གོ་རྒྱུ་ཆེན་པོ་ཡོད་པའི་བརྡ་རྟགས་ཞིག་སྟོན་པ་དང་ལྷན་དུ་སྐུལ་ལྕགས་ཤུགས་ཆེ་ཞིག་ཀྱང་ཡིན་པར་སྙམ། དེས་ན། བྱེས་འབྱོར་བོད་མི་ཡོད་དོ་ཅོག་དང༌། ཁྱད་པར་དུ་ན་གཞོན་ཚོས། འཇམ་དབྱངས་སྐྱིད་ལཊ་ཀྱིས་རང་སྟེང་གི་མྱོང་བ་མེ་ལོང་གི་ངོས་སུ་འཕོས་སུ་བཅུག་པ་དང་དབྱེར་མེད་པའི་ཟིན་ཐོ་དེ་མ་མཐར་ཡང་ལན་གཅིག་ཀློག་གནང་ཡོང་བ་འཚལ།།

བསྐྱར་བཅོས།: ༢༠༡༤/༠༣/༢༦

Leave a Reply

9 thoughts on “མནར་གཅོད་ཀྱི་གོ་རིམ་བཀླགས་རྗེས། པདྨ་ཚེ་དབང་ཤཱསྟྲི།

  1. ཨ་རིག་གླེན་རྒན།

    གྲོགས་བདེ་མིང་བས་རབ་རིབ་མང་པོ་ཞིག་བཤད་འདུག་ཀྱང་། མདོ་དོན་པད་མ་ཚེ་དབང་གིས་ཟིན་བྲིས་སྟེ་འདོད་ཆགས་དང་ཕྱོགས་ལྷུང་ཡིན་ལ་བོད་རིགས་དཔའ་པོ་མང་པོའི་ལོ་རྒྱུས་ལ་མཐོང་ཆེན་མ་བྱས་པ་སོགས་ལ་འཁང་ར་བྱས་བ་ཙམ་ལས་སྙིང་པོ་མི་གདའ། པད་མས་འཇམ་དབྱངས་སྐྱིད་ཀྱིས་དཀའ་སྡུག་གི་ཟིན་ལ་མཐོང་ཆེན་བྱས་པ་འདི་ཀུན་སློང་ཅི་འདྲ་ཞིག་གིས་བསྐུལ་ཡང་ཕྱི་སྡོད་བོད་མི་ཤེས་ཡོན་པ་གཅིག་གིས་རང་འགན་ཁུར་ཏུ་བླང་པ་རེད་ལ་ལེན་དགོས་པ་ཞིག་ཀྱང་རེད། ད་དུང་རྒྱལ་གཅེས་བ་མང་པོ་ཞིག་གིས་ལོ་རྒྱུས་ལ་མཐོང་ཆེན་བྱེད་མ་ཐུབ་པར་ལྷག་པ་འདི་གོང་གི་བདེ་བ་ཅན་ལྟ་བུས་རང་འགན་མ་སྒྲུབ་པས་བྱས་ཉེས་རེད། མདོོར་ན་བཀག་རྡོ་ཟེར་བ་ནི་བདེ་མིང་པས་སྐད་ཆ་འདི་ལྟ་བུ་ལ་བརྗོད་དགོས།