གྲོས་ཚོགས་ལ་ཕུལ་བ། ཧུན་སུར་མི་དམངས་ནས།

ཕུན་ཚོགས་སྡེ་བཞིའི་དཔལ་མངའ་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ཚོགས་གཙོ་ལྷན་རྒྱས་ཞབས་དྲུང་དུ།

འདི་ག་ཧོན་སུར་རབ་རྒྱས་གླིང་སེར་སྐྱ་མི་མང་སྤྱི་མགྲིན་ནས་ཞུ་༧སྙན་འབུལ་བའི་སྙིང་པོར། ཡོང་འགྱུར་ཕྱི་ལོ་ ༢༠༡༡ ལོར་བཙན་བྱོལ་བོད་གཞུང་གི་བཀའ་བློན་ཁྲི་བའི་འོས་བསྡུ་ཆེན་མོའི་ལས་རིམ་ཐད་ལ་ད་ལྟ་ནས་གྲ་སྒྲིག་བྱེད་རྒྱུར་གལ་ཆེན་དུ་མཐོང་བ་མ་ཟད། དེང་བརྙན་འཕྲིན་དང་རླུང་འཕྲིན། གསར་ཤོག་སོགས་གསར་འགྱུར་བརྒྱུད་ལམ་ཁག་ནས་ཀྱང་འདི་སྐོར་གླེང་སློང་ཤུགས་ཆེར་བྱེད་བཞིན་པ་ལྟར། བདག་ཅག་ཧོན་སུར་རབ་རྒྱས་གླིང་སེར་སྐྱ་མི་མང་མ་གྲོས་བསམ་པ་གཅིག་མཐུན་གྱིས་བཙན་བྱོལ་བོད་མིའི་བཅའ་ཁྲིམས་དོན་ཚན་ཉེར་གཉིས་པའི་ནང་གསེས་གཉིས་པའི་ཐོག་བསྐྱར་བཅོས་དགོས་པའི་ཁྲིམས་འཆར་ཞིག་འབུལ་རྒྱུ་དང་ཆབས་ཅིག་མ་འོངས་བཀའ་ཁྲིའི་སྐོར་བསམ་ཚུལ་གྲོས་འཆར་ཞིག་འདོན་རྒྱུ་ཡིན་པ་འདི་ལྟར། བཅའ་ཁྲིམས་ལས། འོན་ཀྱང་ཡུན་ཚད་གཉིས་ལྷག་བསྟུད་མར་བསྐྱར་འདེམས་མི་ཆོག་ཅེས་པ་དེ། འོན་ཀྱང་ཡུན་ཚད་གསུམ་ལྷག་བསྟུད་མར་བསྐྱར་འདེམས་མི་ཆོག་ཅེས་པར་བསྐྱར་བཅོས་དགོས་ཀྱི་ཡོད། དེ་ཡང་ད་ལྟའི་རང་ཅག་རྣམས་ལ་ལྐོག་ཏུ་མ་གྱུར་པའི་བཀའ་བློན་ཁྲི་བ་རིན་པོ་ཆེ་འདི་ཉིད་ལ་སྐྱེས་སྦྱངས་ཀྱི་ཡོན་ཏན་བསམ་གྱིས་མི་ཁྱབ་པ་མངའ་བ་སྟེ། བཅུ་ཕྲག་རིག་པའི་གནས་ལ་མཁས་ཤིང་མཛངས་ལ་བློ་གྲོས་ཆེ་བ་དང༌། སྔོན་རབས་དམ་པའི་སྲོལ་རྒྱུན་བཟང་པོ་དང་། དེང་དུས་ཀྱི་ཤེས་ཡོན་ལམ་སྲོལ་གཉིས་ཀར་མངོན་པར་བྱང་ཆུབ་པ། སྐབས་བབ་བཙན་བྱོལ་བོད་གཞུང་གི་མང་གཙོའི་ཀ་བ་གསུམ་སྟེ། ཁྲིམས་ཞིབ་དང༌། ཁྲིམས་བཟོ། འཛིན་སྐྱོང་གསུམ་གའི་རྣམ་གཞག་ལ་མཁྱེན་རྒྱ་ཡངས་ཤིང་དོན་དངོས་སུ་ཉམས་ལེན་ལག་སྟར་ལ་མཁས་པ། རྒྱ་གར་ཀྱི་སྐད་རིགས་ཆེན་པོ་བཞི་ལས་མཆོག་ཏུ་གྱུར་པ་ལེགས་སྦྱར་ཀྱི་སྐད་སོགས་མཁྱེན་པ། ལྷག་པར་དུ་དེང་སྐབས་བོད་ཀྱི་ཆབ་སྲིད་ཀྱི་གནས་བབ་འགག་རྩར་ཐུག་ཅིང༌། གཉན་འཕྲང་གི་དུས་སྐབས་འདི་ལྟ་བུའི་སྐབས་སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོའི་དབུ་འོག་དཔུང་འདེགས་ཀྱི་ཞབས་ཞུ་སྒྲུབ་པའི་ནུས་པ་མཐུ་ཅན་གྱི་སྐྱེས་བུ་ཁྱད་དུ་འཕགས་པ་ཞིག་ཡིན་པ་མ་ཟད། བོད་རྒྱ་འབྲེལ་མོལ་གྱི་གནད་དོན་དང༌། བཙན་བྱོལ་བོད་གཞུང་མང་གིས་འཛིན་པའི་གཉིས་སྨན་དབུ་མའི་ལམ་གྱི་སྲིད་བྱུས་ཀྱི་ཐོག་ནས་བོད་རྒྱ་ཞི་འགྲིག་གི་གལ་ཆེའི་ཡིག་ཆ་ཞིག་རྒྱ་ནག་མི་མང་སྤྱི་མཐུན་རྒྱལ་ཁབ་ཀྱི་མདུན་ལྕོག་སྟེང་འཇོག་ཐུབ་པ་དེས་ཀྱང་བཀའ་ཁྲི་འདི་ཉིད་ལ་གདེང་སྤོབས་ཇི་ལྟར་མངའ་ཚུལ་མཚོན་ཐུབ་པ་ཡིན་ཞིང༌། དེ་མ་ཟད་རིན་པོ་ཆེ་འདི་ཉིད་ནི་འཇོན་ཐང༌། དབང་ཐང༌། ལྷག་བསམ་གསུམ་གྱི་ཕྲ་རྒྱན་གྱིས་མཛེས་པར་སྤུད་པའི་སྐྱེས་བུ་ཞིག་ཀྱང་ཡིན་པ་ནི་རང་རེར་ལྐོག་ཏུ་མ་གྱུར་པའི་མིག་མཐོང་ལག་ཟིན་གྱི་གནས་སྟངས་ཤིག་ཡིན་ཏེ། འདས་པའི་ལོ་བཅུ་ཕྲག་བརྒལ་བའི་རིང་གི་བཀའ་ཁྲི་འདིའི་རླབས་ཆེ་བའི་མཛད་རྗེས་ཁག་ནས་ར་སྤྲོད་གསལ་པོ་བྱུང་ཡོད་པ་རེད།  འདི་འདྲའི་གང་ཟག་ཅིག་རང་རེའི་བོད་མིའི་བསོད་ནམས་ཀྱི་བགོ་སྐལ་དུ་ཡོད་པ་ལ་ཡོད་པར་ངོ་ཤེས་པའི་ཚུལ་གྱིས་བདག་པོ་རྒྱག་རྒྱུ་དང༌། བེད་སྤྱོད་གཏོང་རྒྱུ། སྔོན་གྱི་གཏམ་དཔེ་ལྟར་ཤིང་བཟང་པགས་པའི་འོག་ཏུ་རུལ་དུ་མ་བཅུག་པར་རང་ཁེ་གང་ལོན་བྱ་དགོས་པ་ནི་རྣམ་དཔྱོད་ཅན་གྱི་བྱེད་ཚུལ་ཡིན་ཏེ། དེ་ཡང་བདག་ཅག་གི་སྟོན་པས། གང་ཟག་ལ་མ་རྟོན་ཆོས་ལ་རྟོན། དགག་བྱ་ལ་མ་རྟོན་དགོས་པ་ལ་རྟོན་ཞེས་སོགས་རྟོན་བཞིའི་རྣམ་གཞག་གསུངས་པ་ལྟར། དགག་བྱ་ལས་དགོས་པ་གལ་ཆེ་བའི་ཚུལ་གྱིས། བཅའ་ཁྲིམས་དོན་ཚན་ ༡༡༡ པའི་ཆ་རྐྱན་འོག་བཅའ་ཁྲིམས་དོན་ཚན་ཉེར་གཉིས་པའི་ནང་གསེས་གཉིས་པའི་ཐོག་བསྐྱར་བཅོས་དགོས་པའི་ཁྲིམས་འཆར་འདི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ནས་ངོས་བཞེས་ཡོང་ཐབས་ཀྱིས། དོན་སྙིང་ད་ལྟའི་བཀའ་ཁྲི་རིན་པོ་འདི་ཉིད་སླར་ཡང་བཀའ་ཤག་སྐབས་བཅུ་བཞི་པའི་བཀའ་ཁྲིའི་འོས་གཞིར་ཕེབས་བཞུགས་ཆོག་པ་དགོས་ཀྱི་ཡོད། དེའི་རྒྱུ་མཚན་ནི། གོང་དུ་བཤད་མ་ཐག་པའི་རིན་པོ་ཆེ་འདི་ཉིད་ཀྱི་ཆེ་བ་བརྗོད་པ་རྣམས་ནས་གསལ་པོ་བསྟན་ཡོད་མོད་ཀྱང༌། གཤམ་དུ་ཡང་དག་པའི་རྒྱུ་མཚན་རྣམས་དོན་ཚན་དྲུག་ཏུ་དབྱེ་ནས་བཀོད་པ་ལ།
༡། གང་ཟག་གང་ཞིག་གི་ཡོན་ཏན་ནམ་ཁྱད་ཆོས་བྱེ་བྲག་པ་རེ་རེར་ཆ་ནས་བཀའ་ཁྲི་རིན་པོ་ཆེ་འདི་ཉིད་ལས་ལྷག་པ་ཡོང་སྲིད་ཀྱང༌། ཕྱོགས་བསྡོམས་ཀྱི་ཡོན་ཏན་ནི་རིན་པོ་ཆེ་འདི་ལས་ལྷག་པ་བརྙེད་རྒྱུ་མེད་པ་གསལ་པོ་རེད།
༢། ཤིན་ཏུ་བརྙེད་དཀའ་བའི་དཔའ་མཛངས་ལྡན་པའི་སྐྱེས་བུ་འདི་ལྟ་བུ་བཅའ་ཁྲིམས་ཀྱི་ཚིག་འབྲུ་གཅིག་ལ་བརྟེན་ནས་དོར་བྱར་བཞག་དགོས་པ་ནི་མི་འཐད་དེ། ཁེ་གྱོང་གཉིས་ལས་ཁེ་དེ་གདམ་དགོས་པ་དང༌། རྟོན་བཞིའི་རྣམ་གཞག་ལྟར་ན། དགག་བྱ་ལས་དགོས་པ་དེ་གདམ་དགོས་པ་རེད།
༣། མིས་བཟོས་པའི་བཅའ་ཁྲིམས་དེས་མི་ལ་གྱོང་སྤྲོད་པའི་སྐབས་བྱུང་ན། མིས་བསྐྱར་བཅོས་བྱ་ཆོག་པའི་ཆ་རྐྱེན་དེ་བཅའ་ཁྲིམས་རང་ཉིད་ནས་གོ་སྐབས་བཟང་པོ་སྤྲད་ཡོད་པ་ལྟར་ལག་བསྟར་འོས་པ་ཞིག་རེད།
༤། ལྷག་པར་བོད་ཀྱི་གནས་སྟངས་ཛ་དྲག་དང༌། གཉན་འཕྲང༌། འགག་རྩར་ཐུག་པའི་སྐབས་འདིར་༧གོང་ས་མཆོག་གི་དབུ་འོག་དཔུང་འདེགས་བཟོད་པའི་ནུས་ཤུགས་ཅན་ནི་དཔའ་མཛངས་ལྡན་པའི་རིན་པོ་ཆེ་འདི་ཉིད་ལས་གཞན་དུ་མ་དམིགས་པས་ད་ལེན་གྱི་བཀའ་ཁྲི་འོས་འདེམས་ནང་སླར་ཡང་ཟམ་གདོང་རིན་པོ་འདི་ཉིད་ཕེབས་དགོས་ཀྱི་ཡོད།
༥། ཡང་དགོས་བོད་རྒྱ་འབྲེལ་མོལ་གྱི་ལས་རིམ་དང༌། འབྲེལ་མོས་གྱི་གནད་འགག་རྒྱུན་ཆགས་སུ་གནས་ཤིང་གྲུབ་འབྲས་དོན་ཕན་ལྡན་པ་ཡོང་ཆེད་རིན་པོ་འདི་ཉིད་སླར་ཡང་བཀའ་ཁྲིར་ཕེབས་ཏེ་མཛད་འགན་མུ་མཐུད་སྐྱོང་རྒྱུ་འདི་གལ་འགངས་ཤིན་ཏུ་ཆེ་བའི་ཆབ་སྲིད་གནད་དོན་ཞིག་ཀྱང་རེད།
༦།བཅའ་ཁྲིམས་བསྐྱར་བཅོས་ཀྱི་ཁྲིམས་འཆར་འདི། མང་གཙོའི་རྒྱལ་ཁབ་སྤྱིའི་ལམ་སྲོལ་དང་ཅུང་མི་མཐུན་པར་འགྱུར་བས་མཛད་དཀའ་ཡོད་ཀྱང༌། རང་ཅག་ནི་ཛ་དྲག་དང་གཉན་འཕྲང་ཅན་གྱི་སྐྱབས་བཅོལ་བའི་ངོ་བོར་གནས་ཡོད་པས། རང་དབང་ལྡན་པའི་རྒྱལ་ཁབ་གཞན་དང་མཐའ་གཅིག་ཏུ་དཔེ་འགྲན་རྒྱུ་མེད་ཅིང༌། དེར་བསྟུན་ལམ་སྲོལ་ཙམ་དང་དངོས་ཡོད་ཁེ་ཕན་གཉིས་ཡང་ལྗི་གདམ་ག་མ་ནོར་བར་མཛད་རྒྱུ་ཡང་ཞུ་ག་ལ་དགོས་པ་བཅས་ཏེ། གོང་གསལ་ཞུ་རྩར་སྐྱོན་ཡོན་གྱི་རྣམ་དབྱེ་ཡན་པོར་མ་སོང་བར་འབྱེད་རྒྱུ་ནི། རྣམ་དཔྱོད་ལྡན་པའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་འགན་དབང་ཉག་གཅིག་ཡིན་སྟབས། སྤྱི་འཐུས་ཀྱིས་སྤྱི་སེམས་ཁོ་ན་བསྐྱེད་དེ་བདག་ཅག་མི་མང་གི་དགོས་འདུན་ལ་རྒྱབ་སྐྱོར་ཐོབ་པའི་འབོད་སྐུལ་དང་རེ་སྨོན་ཞུ་ཞིང༌། སྤྱི་སྨན་གྲོས་འཆར་འདི་སྤྱི་སྨན་ལྷག་བསམ་གྱི་ངོ་བོ་འབའ་ཞིག་ཡིན་པ་ལས། ཆབ་སྲིད་བསྲེ་ལྷད་སོགས་ཀྱི་ཉེས་སྐྱོན་རྡུལ་ཙམ་ཡང་གོས་མེད་པ་མཆོག་གསུམ་རྒྱལ་བ་རྒྱ་མཚོ་དཔང་དུ་འཛུགས་ཆོག་པ་ཡིན། ཧུན་སུར་རབ་རྒྱས་གླིང་སེར་སྐྱ་མི་མང་སྤྱི་མགྲིན་ནས་གུས་འདུད་ཀྱིས་བརྒྱན་ཏེ། ཕྱི་ལོ་ ༢༠༠༩ ཟླ་བ་ ༦  ཚེས་ ༡༢  ལ་ཕུལ།།

ངོ་བཤུས།    དཔལ་ལྡན་སྐུ་སྒེར་ཡིག་ཚང༌། བཀའ་ཤག    ས་གནས་འགོ་འཛིན།

བསྐྱར་བཅོས།: ༢༠༡༤/༠༣/༢༦

Leave a Reply

8 thoughts on “གྲོས་ཚོགས་ལ་ཕུལ་བ། ཧུན་སུར་མི་དམངས་ནས།

  1. དགེ་བཤེས་སྨོན་ལམ་མཐར་ཕྱིན།

    བཀའ་ཁྲི་ཟམ་གདོང་རིན་པོ་ཆེ་མཆོག་ནས་ལན་གཅིག་མིན་པར་ཡང་ཡང་གསུངས་ཟིན་པ་ལྟར་བཅའ་ཁྲིམས་བསྒྱུར་བཅོས་གཏང་རྒྱུར་ང་ལའང་འདོད་པ་མེད། འོན་ཀྱང་མི་མང་རྣམས་ཀྱིས་ཟམ་གདོང་རིན་པོ་ཆེ་ལ་རེ་བ་ཆེན་པོ་བཅོལ་གྱི་འདུག་པ་ལྟར་ཁོང་ཡང་བསྐྱར་སྤྱི་འཐུས་ཚོགས་གཙོ་ལན་གཅིག་བསྐོས་རྗེས་ཡང་བསྐྱར་བཀའ་ཁྲི་བསྐོས་ན་མི་ཆོག་པ་ཅི་ཡོད།

  2. བློ་གྲོས་རྒྱལ་པོ།

    ཧོན་སོར་མི་དམངས་ཟེར་པ་དེ་ཚོ་ཇི་འདྲའི་སེམྶ་ཤུགས་ཆེན་པོ་དང་དབུ་མ་འཚོས་པ་རྐྱང་རེད་འང་། ལས་ཀ་མེད་པ་ཞེ་ཅིག་ཡང་ཡིན་པ་འདྲ། མིའི་གཡོ་འོག་ཏུ་རྒྱུགས་ཆོག་ཆོག་རྐྱང་ཡང་ཡིན་པ་འདྲ། སྤྲེད་ལད་ཚ་བོ་རྐྱང་ཡང་ཡིན་པ་འདྲ།

  3. བཀའ་ཁྲི་ཟམ་དོང་རིན་པོ་ཆེ་ནི་མཁས་བཙུན་བཟངགསུམ་ལྡན་པའི་རྩ་ཆེའི་སྐྱེས་བུ་དམ་པ་ཞིག་ཏེ། ཁོང་གིས་གོང་ས་སྐྱབས་མགོན་ཆེན་པོའི་བཀའ་དགོངས་ལྟར་སྐུ་ཚེ་ཧྲིལ་པོར་བོད་བསྟན་སྲིད་གྱི་ཆེད་དུ་ངལ་བའི་འཁུར་ཆེན་ཕྲག་ཏུ་བླངས་ཏེ་ལེགས་སྐྱེས་སུ་ཕུལ་བ་འདི་རླབས་ཆེན་དང་གཟི་བརྗིད་ཆེན་པོ་ཞིག་ཡིན། ཤེས་འཇོན་ལྷག་བསམ་ཅན་གྱི་སྐྱེ་བོ་འདི་ལྟ་བུ་ཞིག་ཕྱི་ནང་གང་དུ་བཙལ་ཡང་དངོས་གནས་རྙེས་དཀའ་མོ་ཡིན། འོན་བཏང་སྤྱིར་འཛམ་གླིང་མང་གཙོའིའགྲོ་སྟངས་དང། རྩ་ཁྲིམས། ལྷག་ཏུ་བོད་མིའི་རྩ་དོན་དང་མ་འོངས་པའི་ཕུགས་བསམ་ལ་མིག་རྒྱང་རིང་ཙམ་དཔྱད་དེ་བཙན་བྱོལ་བོད་མིའི་མང་གཙོའི་རྨང་གཞི་བརྟན་པོ་འཚུགས་ཐུབ་ཆེད་ད་གཟོད་རྒྱ་ཆེའི་མི་མང་ཡོངས་ཀྱིས་བཀའ་ཁྲི་གསར་པ་ཞིག་ངེས་པར་དུ་འདེམས་དགོས་པ་ཤིན་ཏུ་ནས་གལ་ཆེན་པོ་རེད། ཧུན་སུར་མི་མང་ནས་ཡི་གེ་ཕུལ་བ་འདི་ཡག་པོ་རེད་མོད་འབྱུང་འགྱུར་གྱི་ཆབ་སྲིད་དང་མི་རབས་གསར་པ་རྣམས་མུ་འཐུད་དེ་གནས་དགོས་སྟབས་ང་ཚོས་བསམ་བློ་བརྣལ་མ་ཞིག་གཏོང་དགོས།།

  4. བློ་གྲོས་རྒྱལ་པོ།

    འདི་ཕལ་ཆེར་དམངས་གཙོའི་གཤིས་ཀར་མ་གོམས་པའི་མངོན་རྟགས་ཤིག་ཡིན་པ་འདྲ། ང་ཚོ་བོད་པར་མི་རྫོགས་སོང་ཞེས་འཛམ་གླིང་དང་རྒྱ་གཞུང་ལ་ལན་སྤྲོད་རྒྱ་ཡིན་པ་རེད་ཐེ།