ཁྲིམས་རྩོད་པའི་ལག་འཁྱེར་ཕྱིར་བསྡུ་བྱས་པ།

རྒྱ་གཞུང་གིས་རྒྱ་ནག་གི་ཁྲིམས་རྩོད་པ་ ༥༣ གྱི་ཁྲིམས་རྩོད་ལག་འཁྱེར་ཕྱིར་བསྡུ་དང་། གུང་མེན་ཞེས་པའི་ཁྲིམས་དོན་ཉམས་ཞིབ་བསྟི་གནས་ཁང་སྒོ་བརྒྱབས་ཡོད་འདུག

གསར་འགྱུར་བརྒྱུད་ལམ་དུ་གནས་ཚུལ་སྤེལ་གསལ་ལྟར་ན། རྒྱ་ནག་གཞུང་གིས་ཕྱི་ཚེས་ ༡༧ ཉིན་ཁྲིམས་དོན་ཉམས་ཞིབ་བསྟི་གནས་ཁང་ཞེས་པ་འགྲོ་བ་མིིའི་ཐོབ་ཐང་རྩོད་ལེན་བྱེད་མཁན་གྱི་ཁྲིམས་རྩོད་པའི་ལས་ཁུངས་ཤིག་སྒོ་བརྒྱབས་ཡོད་པ་དང། ཁྲིམས་རྩོད་པ་ལྔ་བཅུ་ལྷག་གི་ཁྲིམས་རྩོད་ལག་འཁྱེར་ཕྱིར་བསྡུ་བྱས་ཡོད་འདུག ཕྱི་ཚེས་ ༡༧ གྱི་ཞོགས་པར་པེ་ཅིན་གྱི་སྤྱི་ཚོགས་བྱ་གཞག་ཚོགས་པའི་ལས་བྱེད་པ་ཉི་ཤུ་ཙམ་ཡོང་ནས་གུང་མེན་ཁྲིམས་དོན་ཉམས་ཞིབ་བསྟི་གནས་ཁང་གི་གློག་ཀླད་དང་། ཅ་དངོས་བཙན་འཕྲོག་གིས་གཞུང་བཞེས་བཏང་ཞིང། ཁྲིམས་ཞིབ་པ་དང་ལས་མི་གཞན་ལ་ལས་ཀའི་ངོ་བོ་ཅི་ཡིན་གྱི་དྲི་བརྩད་བཏང་པ་དང་། ལྷག་པར་བསྟི་གནས་ཁང་འདི་ཁྲིམས་མཐུན་གྱི་དེབ་སྐྱེལ་བྱས་མེད་ཚུལ་བརྗོད་སོང་ཞེས་ལས་ཁུངས་ཀྱི་དོ་དམ་པ་ཏིཨན་ཧིཛུང་གིས་འགྲེལ་བརྗོད་གནང་ཡོད་པ་དང། ཁོང་གིས་གསུངས་དོན། རྒྱ་གཞུང་གི་བྱེད་ཕྱོགས་དེ་ནི་ཁྲིམས་མཐུན་མ་རེད། ཡིན་ཡང་ང་ཚོས་བཀག་འགོག་བྱས་མེད་ལ། ད་ཐེངས་ཀྱི་ལག་འཁྱེར་བཙན་འཕྲོག་བྱས་པ་དེའང་དོན་ལ་ངེད་ཚོའི་ལས་ཁུངས་སྒོ་བརྒྱབས་པ་དང་གཅིག་མཚུངས་རེད་ཅེས་དང། དེ་གའི་ཁྲིམས་རྩོད་པ་ཤུ་ཛི་ཡོང་གིས་གསུངས་དོན། སྤྱིར་བསྟི་གནས་ཁང་འདི་ནི་ཁྲིམས་མཐུན་དེབ་སྐྱེལ་གཙང་མ་བྱས་ཡོད་པ་དང། ངེད་ཚོའི་ལས་གཞི་ཡང་གཙོ་བོ་སྤྱི་ཚོགས་ཀྱི་བདེ་འཇགས་དང་། ཁྲིམས་མཐུན་གྱི་ལམ་ནས་རོགས་སྐྱོར་བྱེད་ཀྱི་ཡོད། དཔེར་ན། ཉེ་སྔོན་གྱི་བཟོ་གྲྭ་ཁག་གི་འོ་མར་རྫས་ལྷད་བྱུང་བའི་རྒྱུ་རྐྱེན་ལས་ཁྱིམ་ཚང་མང་པོ་ཞིག་གི་ཕྲུ་གུར་ན་ཚ་བཟོས་ཡོད་ཅིང། ངེད་ཚོས་ཁོང་ཚོའི་མགྲིན་ཚབ་པ་བྱས་ཏེ་ཞུ་གཏུགས་བྱས་པ་ལྟ་བུ་རེད། ཅེས་གསུངས། ཁྲིམས་རྩོད་པ་དེ་དག་གི་ཁྲོད་ནས་ཇིཨན་ཏི་ཨན་ཡོང་ཞུ་བ་ནི་འདས་ལོའི་བོད་ཀྱི་ཞི་རྒོལ་སྐབས་སུ་བོད་ཀྱི་དགེ་འདུན་པ་ཚོས་མཚོན་ཆ་སྦས་བསྐུངས་བྱས་ཡོད་སྐོར་རྒྱ་ནག་གིས་ཉེས་འཛུགས་བྱས་ཡོད་པ་དེར་ཁོང་གིས་རྒྱ་ནག་གཞུང་ལ་དེ་བདེན་པ་མི་སྐོར་དག་འབུལ་བྱས་ཡོད་པ་རེད།

ཐེངས་འདིར་ཁྲིམས་རྩོད་པ་ ༥༣ གྱི་ཁྲིམས་རྩོད་ལག་འཁྱེར་ཕྱིར་བསྡུ་བྱས་ཤིང་། ཉམས་ཞིབ་ཁང་དེ་སྒོ་བརྒྱབས་པ་དེས་དོན་འགྲུབ་དབང་ཆེན་གྱི་གྱོད་གཞི་འདིར་ཡང་ཁྲིམས་བཤེར་ཡག་པོ་ཞིག་ཡོང་རྒྱུར་འགལ་རྐྱེན་བཟོས་ཡོད་རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གི་ཉམས་ཞིབ་པ་ ཁེ་ཊི་སན་ཌར་ ལགས་ནས་གསུངས་ཡོད།

བསྐྱར་བཅོས།: ༢༠༡༤/༠༣/༢༦

Leave a Reply