ཐའེ་ཝན་གྱི་སྲིད་འཛིན་མཱ་ཡོན་ཅིག་གིས་༧གོང་ས་མཆོག་ཐའེ་ཝན་ནང་གདན་འདྲེན་ཞུ་རྒྱུར་ངོས་ལེན་གནང་འདུག
ཕྱི་ཚེས་ ༢༦ ཉིན་གསར་ལམ་ཁག་ཏུ་གནས་ཚུལ་སྤེལ་བ་ལྟར་ན། ཐའེ་ཝན་ཀོ་ཞོན་ས་ཁུལ་གྱི་མགོ་གཙོ་ཁྲང་ཅུའུ་དང་ཀོའོ་ཕིིན་གཙོས། ཡོོན་ལིན། ཅཱ་ཡིས་སོགས་རྫོང་རིམ་པའི་དཔོན་རིགས་ཁག་ཅིག་གཙོས་པའི་དྲག་རླུང་གི་གནོད་འཚེ་ཐེབས་པའི་ཡུལ་གྲུའི་མི་མང་གིས། སྲིད་འཛིན་མཱ་ཡོན་ཅིག་ལ་གལ་སྲིད་ཐེངས་འདིའི་གནོད་འཚེ་ཐེབས་ཡུལ་གྱི་ས་ཁུལ་དུ་༧གོང་ས་ཏཱ་ལའི་བླ་མ་མཆོག་གདན་ཞུ་གནང་ཐུབ་པ་ཡིན་ན། ས་དེའི་མི་མང་གི་སྡུག་བསྔལསེལ་ཐུབ་པ་་དང་བཟང་ཕྱོགས་ཀྱི་འཚོ་སྟངས་ལ་སྐུལ་སློང་བྱ་ཐུབ་པ་མ་ཟད། གནོད་འཚེ་ཐེབས་ཡུལ་གྱི་གྱོང་གུད་སླར་གསོ་ལའང་ཕན་ནུས་ཆེན་པོ་འབྱུང་རྒྱུ་ཡིན་པའི་རེ་སྐུལ་དང་། ༧གོང་ས་མཆོག་ཐའེ་ཝན་གྱི་རང་བྱུང་གནོད་འཚེ་ཐེབས་ཡུལ་གྱི་ས་ཁུལ་དུ་གདན་ཞུ་གནང་སྟེ་དེར་ཡོད་ས་གནས་མི་མང་དང་རྐྱེན་ལམ་དུ་ཕྱིན་པ་དེ་དག་གི་ཆེད་བསྔོ་སྨོན་གསོལ་འདེབས་གནང་རྒྱུའི་རེ་འདུན་སྲིད་འཛིན་མཱ་ཡོན་ཅིག་ལ་ཞུས་ཡོད་འདུག་ལ། ཕྱི་ཚེས་ ༢༧ ཉིན་ཐའེ་ཝན་གྱི་སྲིད་འཛིན་མཱ་ཡོན་ཅིག་གིས་གནོད་འཚེ་ཕོག་པའི་ལོང་ཧྭ་སློབ་གྲྭའི་ནང་འཚམས་གཟིགས་སྐབས། དེར་ཡོད་མི་མང་ལ་༧གོང་ས་ཏཱ་ལའི་བླ་མ་མཆོག་ཐའེ་ཝན་དུ་ཕེབས་ཏེ་དྲག་རླུང་གི་གནོད་འཚེ་ཕོག་པའི་མི་མང་དང་རྐྱེན་འདས་སུ་གྱུར་བ་རྣམས་ཀྱི་ཆེད་བསྔོ་བ་སྨོན་ལམ་གནང་རྒྱུར་ཁོ་རང་མོས་མཐུན་ཡོད། ཅེས་དེར་ཡོད་མི་མང་ལ་འགྲེལ་བརྗོད་གནང་ཡོད་པ་རེད།
གནས་ཚུལ་འདིའི་ཐད་སྐུ་སྒེར་ཡིག་ཚང་ནས་བརྗོད་དོན། ད་ལྟའི་ཆར་༧གོང་ས་མཆོག་ལ་དྭགས་ཁུལ་དུ་བཞུགས་ཤིང་། དེར་ཡོད་བོད་རིགས་གཙོས་ཧི་མ་ལ་ཡའི་རི་རྒྱུད་ཀྱི་མི་རིགས་རྣམས་ལ་གསུང་ཆོས་ཀྱི་མཛད་འཕྲིན་སྐྱོང་བཞིན་ཡོད་པ་དང་། སྐབས་དེ་དག་ཏུ་ཁོང་གིས་རང་བྱུང་གནོད་འཚེ་ཁྲོད་རྐྱེན་ལམ་དུ་ཕྱིན་པ་དག་གི་ཆེད་དུ་བསྔོ་སྨོན་ཞུས་ཡོད་པ་རེད། གལ་སྲིད། ཐའེ་ཝན་ལ་ཕེབས་དགོས་པ་ཡིན་ནའང་ཟླ་འདིའི་ཕྱི་ཚེས་ ༣༡ ནས་འཆར་ཟླའི་ཚེས་གསུམ་བར་༧གོང་ས་མཆོག་ཆིབས་བསྒྱུར་གནང་ཐུབ་པའི་རེ་བ་ཡོད། ཅེས་བཤད་ཡོད་པ་རེད