རྒྱ་གར་གྱི་ཕྱི་སྲིད་བློན་ཆེན་སྐུ་ཞབས་ ཁུ་རེ་ཤི་ན་ མཆོག་གིས་རྒྱ་གར་གྱི་ས་ཐོག་ནས་༧གོང་ས་མཆོག་ནི་གང་དུ་ཕེབས་ཀྱང་རང་དབང་ཡིན་ཅེས་གསུངས་ཡོད་པ་རེད།
འཆར་ཟླའི་ནང་༧གོང་ས་མཆོག་གིས་རྒྱ་གར་བྱང་ཤར་མངའ་སྡེ་ཨ་རུ་ན་ཅལ་ནང་ཆིབས་བསྒྱུར་མཛད་འཕྲིན་བསྐྱང་འཆར་ཐད་རྒྱ་ནག་གི་ཕྱི་སྲིད་ལྷན་ཁང་གི་མགྲིན་ཚབ་པ་ ཅང་ཡུ་ ཡིས་རྒྱ་ནག་གིས་ཏཱ་ལའི་བླ་མ་ཨ་རུ་ན་ཅམ་མངའ་སྡེའི་ནང་གཟིགས་སྐོར་གནང་རྒྱུར་ངོ་རྒོལ་ཡོད་ཅེས་བདུན་ཕྲག་སྔོན་མའི་ནང་བཤད་འདུག་ལ། ཕྱི་ཚེས་ ༡༦ ཉིན་རྒྱ་གར་གྱི་ཕྱི་སྲིད་བློན་ཆེན་ ཁུ་རེ་ཤི་ན་ མཆོག་གིས་ CNN གྱི་རྒྱ་གར་གསར་འགྱུར་བརྙན་འཕྲིན་གྱི་བཅར་འདྲིའི་སྐབས་གསུངས་དོན། ༧གོང་ས་ཏཱ་ལའི་བླ་མ་མཆོག་གིས་རྒྱ་གར་གྱི་ས་གནས་གང་དུ་གཟིགས་སྐོར་གནང་འདོད་ན་རང་དབང་རེད། ཅེས་གསུངས་ཡོད་ལ། དེ་བཞིན་ཁོང་གིས། ཨ་རུ་ན་ཅལ་ནི་རྒྱ་གར་གྱི་ས་ཁོངས་ཆ་ཤས་ཤིག་ཡིན་སྟབས་ཏཱ་ལའི་བླ་མ་མཆོག་རྒྱ་གར་གྱི་ས་ཆ་གང་དུ་ཕེབས་འདོད་ན་རང་དབང་རེད། ཆ་རྐྱེན་གཅིག་རང་ཡོད་པ་ནི་ཁོང་གིས་ཆབ་སྲིད་ཀྱི་འཕེལ་རིམ་ཐོག་ལ་གསུང་བཤད་མི་གནང་རྒྱུའི་རེ་བ་གནང་གི་ཡོད་པ་འདི་ཡིན་ཅེས་གསུངས།