གངས་རྒྱན་མེ་ཏོག

རྒྱལ་ཡོངས་སྐབས་གཉིས་པའི་གངས་རྒྱན་མེ་ཏོག་རྩོམ་རིག་བྱ་དགའ་གནང་པའི་མཛད་སྒོ་ཟི་ལིང་ནས་བསྡུས་ཏེ། རོང་བོ་དགེ་འདུན་ལྷུན་འགྲུབ་དང་ཚེ་རིང་བཀྲ་ཤིས། དཔལ་ལྡན་རྒྱ་མཚོ། དཔའ་མོ། ཕུན་ཚོགས་རྒྱལ་བཅས་རྩོམ་པ་པོ་ལྔ་ལ་སྐབས་གཉིས་པའི་གངས་རྒྱན་མེ་ཏོག་རྩོམ་རིག་བྱ་དགའ་ཐོབ་ཡོད།

མཚོ་སྔོན་ཞིང་ཆེན་རྩོམ་པ་པོའི་མཐུན་ཚོགས་དང་མཚོ་ནུབ་ཁུལ་རྩོམ་རིག་སྒྱུ་རྩལ་མཉམ་འབྲེལ་ལྷན་ཚོགས་གཉིས་ཀྱི་གཙོ་སྒྲུབ་འོག ཟླ་འདིའི་ཕྱི་ཚེས་ ༢༦ ཉིན་བོད་ཁམས་ན་མིང་དུ་གྲགས་ཤིང་ལོ་རྒྱུས་ཀྱི་བཞུར་རྒྱུན་རིང་བའི་༼ གངས་རྒྱན་མེ་ཏོག ༽ དུས་དེབ་ཀྱི་༼ རྒྱལ་ཡོངས་སྐབས་གཉིས་པའི་གངས་རྒྱན་མེ་ཏོག་རྩོམ་རིག་བྱ་དགའ་གནང་པའི་མཛད་སྒོ། ༽ ཞེས་པའི་ཚོགས་འདུ་དེ་གནའ་མཁར་ཟི་ལིང་གྲོང་ཁྱེར་གྱི་ཉི་མའི་འཚོ་བ་མི་རིགས་གླུ་གར་གླིང་ནས་གཟབ་རྒྱས་ངང་ཚོགས་ཏེ། འདས་པའི་ལོ་གསུམ་ནང་ཚུད་ཀྱི་གངས་རྒྱན་མེ་ཏོག་སྟེང་གི་རྩོམ་རིག་ལ་དཔྱད་བསྡུར་བྱས་པ་བརྒྱུད་རྩོམ་པ་པོ་ ༥ ལ་སྐབས་གཉིས་པའི་གངས་རྒྱན་མེ་ཏོག་རྩོམ་རིག་བྱ་དགའ་ཐོབ་ཡོད།

 ཐེངས་འདིར་བྱ་དགའ་ཐོབ་མཁན་དག་ནི། རྩོམ་པ་པོ་རོང་བོ་དགེ་འདུན་ལྷུན་གྲུབ། པུར་མིང་ལ་ལྷམ་ཀོག་ལགས་ཀྱི་སྙན་ངག་༼ སྒོམ་གཞེས ༽ དང་། ཚེ་རིང་བཀྲ་ཤིས། པུར་མིང་ལ་མདའ་བཙན་པོ་ལགས་ཀྱི་སྙན་ངག་རིང་མོ་༼ རོལ་རྩེད་ཀྱི་གཤེས་སུ་གྲུབ་པའི་སྙན་ཚིག ༽ དེ་བཞིན། དཔལ་ལྡན་རྒྱ་མཚོ། པུར་མིང་ལ་མདོ་སྨད་ཧེ་རུ་ཀ་ལགས་ཀྱི་རང་མོས་སྙན་ངག་ ༼ མི་སྐྱིད་གླིང་གི་སེམས་ངལ་ ༽ དཔའ་མོ། པུར་མིང་ལ་སྲིན་མོ་ལགས་ཀྱི་རང་མོས་སྙན་ངག་ ༼ སེམས་ཀྱི་འབབ་ཚིགས ༽ ཕུན་ཚོགས་རྒྱལ། པུར་མིང་ལ་ནེའུ་ཆུང་ལགས་ཀྱི་སྙན་ངག་དཔྱད་བརྗོད་༼ ལྷ་སའི་ཟུར་ངོས་གཞན་དག ༽ བཅས་ཡིན་ཞིང་། དེ་དང་མཉམ་དུ་མི་རེར་རྒྱ་སྒོར་སུམ་སྟོང་ ༣༠༠ རེ་ཡི་བྱ་དགའི་གསོལ་རས་བསྩལ་ཡོད་འདུག གཞན། གངས་རྒྱན་མེ་ཏོག་རྩོམ་སྒྲིག་ཁང་གི་འཕགས་པ་ཐར་དང་ཕུན་ཚོགས་རྒྱལ།  ཀླུ་འབུམ་རྒྱལ། ལྕགས་འབུམ་རྒྱལ། ཆོས་འཚོ་བཅས་མི་ལྔ་ལ་རྒྱལ་ཡོངས་སྐབས་གཉིས་པའིགངས་རྒྱན་མེ་ཏོགརྩོམ་སྒྲིག་པའི་བྱ་དགའ་ཐོབ་ཡོད།

 བྱ་འགུལ་ཚོགས་འདུ་དེར་མཚོ་སྔོན་ཞིང་ཆེན་གྱི་ཐད་གཏོགས་ལས་ཁུངས་དང་མཚོ་ནུབ་ཁུལ་ཏང་ཨུའི་རྒྱན་ལས དྲིལ་སྒྲོག་སྡེ་ཁག་གི་གཙོ་འཛིན་ཞུས་ལེན་ཡིང་མཚོ་སྔོན་ཞིང་ཆེན་རྩོམ་པ་པོའི་མཐུན་ཚོགས་ཀྱི་ཚོགས་གཙོ་མེ་སྒྲོན་སོགས་ཀྱིས་འབྱུང་འགྱུར་མུ་མཐུད་དུ་བོད་ཀྱི་རྩོམ་རིག་སྒྱུ་རྩལ་མི་ཉམས་གོང་སྤེལ་དང་ཉམས་པ་སླར་གསོ། རྩོམ་རིག་གསར་རྩོམ་གྱི་ལ་འཇུག་བཞིན་པའི་ན་གཞོན་རྩོམ་པ་པོ་སྐྱེད་སྲིང་། བོད་ཀྱི་རྩོམ་རིག་སྒྱུ་རྩལ་སྔར་ལས་དར་རྒྱས་ཕུན་སུམ་ཇེ་ཚོགས་སུ་གཏོང་རྒྱུ་བཅས་ལ་ཆིག་སྒྲིལ་ཐོག་འབད་པ་ལྷུར་ལེན་གནང་དགོས་པའི་གཏམ་བཤད་བྱས་ཡོད་འདུག

 གངས་རྒྱན་མེ་ཏོག་རྩོམ་སྒྲིག་ཁང་གི་གཙོ་འགན་རྩོམ་སྒྲིག་པ་འཕགས་པ་ཐར་གྱིས་ངོ་སྤྲོད་གནང་བ་ལྟར་ན། སྐབས་གཉིས་པའི་གངས་རྒྱན་མེ་ཏོག་རྩོམ་རིག་བྱ་དགའ་དེ་ཕྱོགས་རིས་དང་ངོ་སོའི་དབང་དུ་མ་སོང་བར། རྩོམ་རིག་དང་བསམ་བློའི་རིན་ཐང་འབུར་དུ་དོད་པའི་བརྩམས་ཆོས་མང་པོ་ལས་ལེགས་འདེམས་བྱས་ཏེ། རྒྱལ་ཡོངས་བོད་ཀྱི་རྩོམ་རིག་དཔྱད་བརྗོད་པ་དང་། སྙན་ངག་པ་གྲགས་ཅན་སྐོར་ཅིག་གདན་དྲངས་ནས་དཔྱད་འདེམས་ཚོགས་པ་བཙུགས་ཏེ་གདམས་ཐོན་བྱུང་བ་ཡིན་སྟབས། བརྩམས་ཆོས་རེ་རེ་ལ་སྒྱུ་རྩལ་དང་བསམ་བློའི་རིན་ཐང་གང་ཅིའི་ཐད་ནས་ཁྱད་དུ་འཕགས་པ་ཡིན་པར་མ་ཟད།  ད་དུང་འདི་ལྟ་བུའི་རྩོམ་རིག་བྱ་དགའ་ཞིག་སྤེལ་དོན་ཡང་ཏན་ཏན་བྱ་དགའི་ཆེད་དུ་མ་ཡིན་པར་ལོ་ཟླ་རིང་མོའི་གསར་རྩོམ་གྱི་དཀའ་ཚགས་ཁྲོད། རྩོམ་པ་པོ་དག་གི་ཁྲག་དང་རྔུལ་ཆུ་ལས་ཐོན་པའི་རྩོམ་འབྲས་ལ་ཐོབ་འོས་པའི་གདེང་འཇོག་བྱེད་པའི་དམིགས་ཡུལ། དེ་བཞིན། བོད་ཀྱི་དེང་རབས་རྩོམ་རིག་དར་སྤེལ་ལ་ཅི་ནུས་ཀྱི་སྐུལ་འདེད་ཀྱི་རེ་བ་དང་། བོད་ཀྱི་རྩོམ་རིག་འཕེལ་རྒྱས་ཀྱི་ཕྱིར་ཏུ་ལུས་དང་ལངས་ཚོ་ཟད་ཅིང་། དགའ་སྐྱོ་ཆགས་སྡང་བསྟིམས་པའི་བོད་རྩོམ་རིག་གི་དཔུང་སྡེ་མཐུག་པོ་ཞིག་སྐྱེད་སྲིང་བྱ་ཆེད་ཡིན། ཞེས་བརྗོད་ཡོད་པ་རེད།

 ཐེངས་འདིའི་གངས་རྒྱན་མེ་ཏོག་རྩོམ་རིག་བྱ་དགའི་ཐད། མཚོ་སྔོན་བོད་སྐད་རླུང་འཕྲིན་ཁང་གི་གསར་འགོད་པའི་དཔྱད་གཏམ་སྤེལ་དོན། མིག་སྔའི་གནས་བབས་ལ་གཞིགས་ན། བོད་ཀྱི་དེང་རབས་རྩོམ་རིག་གི་བྱ་དགའ་དེ་བྱ་དགའི་དངུལ་ཉུང་བ་དང་། དཔྱད་འདེམས་པའི་ཐོབ་ཐང་ལ་ཁག་ཐེག་མེད་པ། སྤྱི་ཚོགས་ཀྱི་ཤུགས་རྐྱེན་ཆུང་བ། གཞུང་ཕྱོགས་ཀྱི་བཀོད་འདོམས་ལས་འབྲལ་མི་ཐུབ་པ་སོགས་གནད་དོན་མང་པོའི་རྐྱེན་པས་བོད་ཀྱི་དེང་རབས་རྩོམ་པ་པོ་ཚོར་སྐུལ་མ་དང་གདེང་འཇོག་བྱེད་སྤྱད་ངོ་མ་ཞིག་ཏུ་འགྱུར་ཐུབ་ཀྱིན་མེད་ནའང་། <<སྦྲང་ཆར>> དང་། <<གངས་རྒྱན་མེ་ཏོག>> <<ཟླ་ཟེར>> སོགས་གཞུང་ཕྱོགས་ཀྱི་དུས་དེབ་ཁག་དང་ <<གུར་ཀུམ་ཆུན་པོ>> དང་། <<རིག་གནས་ཡར་སྤེལ>>  སོགས་དམངས་ཁྲོད་ཀྱི་དུས་དེབ་ཁག་གིས་འཕྲོ་རིམ་འཕྲོར་རྩོམ་རིག་བྱ་དགའ་སྟེར་བའི་བྱ་འགུལ་བསྟུད་མར་སྤེལ་གྱིན་ཡོད་པ་འདི་ནི་བོད་ཀྱི་རྩོམ་པ་པོ་དག་གི་དོ་སྣང་བྱ་ཡུལ་ཞིག་ཏུ་འགྱུར་གྱིན་པའི་སྒང་ཡིན།

 ཐེངས་འདིར་མི་རབས་གསུམ་པའི་རྩོད་གཞི་ཅན་གྱི་སྙན་ངག་པ་མདའ་བཙན་པོར་གངས་རྒྱན་མེ་ཏོག་རྩོམ་རིག་བྱ་དགའ་ཐོབ་པ་དེས་ཀློག་མཁན་དང་དཔྱད་འདེམས་པས་མི་རབས་གསུམ་པ་ཞེས་པའི་རྩོམ་རིག་གི་ཚོགས་པ་དེའི་གྲུབ་འབྲས་སྤྱི་བའི་གྲལ་ནས་དངོས་སུ་ཁས་བླངས་པ་ཤུགས་ནས་མཚོན་འདུག་ཅེས་ཀློག་མཁན་འགའ་ཞིག་གིས་གླེང་ལ། བྱ་དགའ་སྟེར་བའི་མཛད་སྒོའི་རྗེས་སུ་མཚོ་སྔོན་བོད་སྐད་རླུང་འཕྲིན་གྱི་ཁ་བརྡའི་ལེ་ཚན་དུའང་མདའ་བཙན་པོར་བཅར་འདྲི་བྱས་པའི་སྣང་ཚུལ་དེ་ལ་སྤྱི་ཚོགས་ཡོངས་ཀྱིས་ཉན་འདོད་ཡོད་པ་མངོན་འདུག་གོ། ཞེས་བཀོད་འདུག

 ༼ གངས་རྒྱན་མེ་ཏོག ༽ དུས་དེབ་ནི་ཕྱི་ལོ་ ༡༩༨༩ ལོར་མཚོ་ནུབ་ཁུལ་རྩོམ་རིག་ལྷན་ཚོགས་ཀྱིས་གཙོ་སྒྲུབ་བྱས་པ་ཞིག་ཡིན་ཞིང་། ད་བར་སྤྱིའི་འདོན་ཐེངས་ ༧༨ ལ་སླེབས་ཡོད་པ་དང་། དེབ་གྲངས་འབུམ་གཅིག་ཁྲི་ལྔ་ ༡༥༠༠༠༠ ལྷག་དཔར་འགྲེམ་བྱས་ཏེ། བོད་ཁམས་ཡོངས་དང་ཕྱི་རྒྱལ་ཁག་གི་བོད་རིགས། དེ་བཞིན། བོད་པའི་ཤེས་ཡོན་དང་འབྲེལ་བ་ཡོད་པའི་ཚོགས་སྡེ་ཁག་མང་པོ་ཞིག་ལ་འགྲེམ་སྤེལ་བྱེད་ཀྱིན་ཡོད་ཅིང་། བོད་ཡུལ་མདོ་དབུས་ཁམས་གསུམ་ནང་དུས་དེབ་དེའི་རྐང་འཛིན་རྩོམ་པ་པོ་ ༣༠༠ ལྷག་ཡོད་འདུག སྐབས་གཉིས་པའི་གངས་རྒྱན་མེ་ཏོག་རྩོམ་རིག་བྱ་དགའི་བྱ་འགུལ་འདིར་བོད་ཁུལ་གྱི་རྩོམ་རིག་དཔྱད་བརྗོད་པ་དང་སྙན་ངག་པ་གྲགས་ཆེན་སོགས་གདན་དྲངས་ཏེ་ཟླ་ ༨ ལྷག་རིང་གི་དཔྱད་གཏམ་གྱི་གོ་རིམ་བརྒྱུད་ཕྱོགས་ཞེན་དང་ངོ་སོའི་དབང་དུ་མ་སོང་བར། རྩོམ་རིག་དང་བསམ་བློའི་རིན་ཐང་འབུར་དུ་ཐོན་པའི་བརྩམས་ཆོས་མང་པོའི་ཁྲོད་ནས་ལེགས་འདེམས་བྱས་ཏེ། ལོ་ ༣ རིང་གི་དུས་དེབ་ལས་བདམས་ཐོན་བྱུང་བའི་སྙན་ངག་དང་སྙན་ངག་དཔྱད་བརྗོད་སོགས་བརྩམས་ཆོས་ ༥ ལ་བྱ་དགའ་ཐོབ་ཡོད།

བསྐྱར་བཅོས།: ༢༠༡༤/༠༣/༢༦

Leave a Reply

4 thoughts on “གངས་རྒྱན་མེ་ཏོག

  1. ལྷ་ཆབ་སྦྱིན་པ།

    རོང་བོ་དགེ་འདུན་ལྷུན་གྲུབ་ཀྱི་སྒོམ་གཞས་ནི་དངོས་གནས་སྙན་ངག་ཡག་པོ་ཞིག་ཡིན།ངས་ཀྱང་དེང་སང་གི་དུས་ན་ཁོང་གི་སྒོམ་གཞས་ལྟ་བུ་འབྲི་མཁན་ཤིན་ཏུ་དཀོན་པར་མཐོང་སོང་།ད་རེར་གཞན་དག་ངས་ཧ་གོ་མ་སོང་།འོན་ཀྱང་དགེ་འདུན་ལྷུན་གྱི་སྒོམ་གཞས་ལ་ཐོབ་པ་དགའ་ཡོད།

  2. རང་དབང་ཅི་ཡང་མེད་པའི་བོད་ན་གངས་རི་ལ་དུངས་བའི་རྩོམ་པ་པོ་དང་རྩོམ་སྒྲིག་པ་རྣམས་ཀྱི་བོད་ཀྱི་སྐད་ཡིག་འདི་རྒྱུད་འཛིན་གྱི་ཆེད་དུ་ཁ་ཞེ་གཉིས་མེད་ཀྱིས་ཤུགས་རྒྱག་བཞིན་པར་བསྟོད་བསྔགས་དང་རྗེས་སུ་ཡི་རངས་ཡོད། བྱེས་སུ་གྱར་བའི་ང་ཚོས་ཀྱང་ཁོང་ཚོའི་ཞབས་རྗེས་དེད་ནས་བོད་ཀྱི་སྐད་ཡིག་རྒྱུད་འཛིན་གྱི་ཆེད་དུ་ཤུགས་ངེས་པར་རྒྱག་དགོས་པའི་དུས་ལ་སླེབས་འདུག

  3. བོད། ཤ་ཁྲག་རུས་གསུམ།

    བོད་ནང་དུ་དངོས་ནས་བྱ་བ་ཆེ་ཆུང་གང་ཅིའི་ཐད་དུ་མེ་འབར་ནས་འོང་གི་འདུག དངོས་ནས་དགའ་བསུ་ཡོད། རིག་གཞུང་རྒྱུན་འཛིན་བྱེད་མཁན་ནི་བོད་ནང་དུ་ཁ་ཕྱེ་གཉིས་ན་འདུག