མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

མོན་རྟ་དབང་དགའ་ལྡན་རྣམ་རྒྱལ་ལྷ་རྩེ་དགོན།

བོད་ཀྱི་དུས་བབ།
༢༠༠༩/༡༡/༠༧
Share on FacebookShare on TwitterShare on EmailShare on Whatsapp

སྤྱི་ ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་ཕྱི་ཚེས་ ༨ ནས་ ༡༥ བར་རྒྱ་གར་བྱང་ཤར་བོད་དང་རྒྱ་གར་གྱི་ས་མཚམས། ༧རྒྱལ་དབང་དྲུག་པ་རིག་འཛིན་ཚངས་དབྱངས་རྒྱ་མཚོའི་སྐུའི་འཁྲུངས་ཡུལ་མོན་རྟ་ དབང་ཁུལ་དུ་ཆིབས་སྒྱུར་ཐེངས་ ༥ བ་དེ་བསྐྱང་འཆར་ཡོད་སྟབས། ཕྱི་ཚེས་ ༥ ཉིན་ནས་འདི་གའི་གསར་འགོད་པ་དོན་འགྲུབ་བཀྲ་ཤིས་ཁུལ་དེར་ཆེད་སྐྱོད་ཀྱིས་གནས་ ཚུལ་རྒྱུས་ལོན་བྱེད་ཀྱིན་ཡོད་ལ། ཕྱི་ཚེས་ ༦ ཉིན་༧གོང་ས་མཆོག་ལ་ཆིབས་སྒྱུར་གོ་སྒྲིག་གནང་མཁན་གཙོ་བོ་མོན་རྟ་དབང་དགོན་ པའི་དགོན་བདག་མི་ར་བླ་མའི་ཡང་སྲིད་སྐུའི་ཕྲེང་བ་བཅུ་གཉིས་པ་མཁན་པོ་གུ་རུ་སྤྲུལ་སྐུ་རིན་པོ་ཆེ་མཆོག་གི་དྲུང་དུ་བཅར་ཏེ། ཐེངས་འདིའི་༧གོང་ས་མཆོག་གི་མཛད་འཕྲིན་སྤྱི་དང་། མོན་རྟ་དབང་དགོན་པའི་གནས་ཚུལ་སྐོར་བཅར་འདྲི་ཞུས་ཡོད།

 

དྲི་བ། ཐེངས་འདིར་༧གོང་ས་མཆོག་མོན་རྟ་དབང་ཁུལ་དུ་ཆིབས་སྒྱུར་གནང་དོན་གཙོ་བོ་གང་ཡིན་པ་དང་། ས་གནས་མི་མང་གི་ངོས་ནས་དད་གུས་དང་ཕེབས་བསུ་ཞུ་ཕྱོགས་གང་འདྲ་ཡོད་དམ།
ལན། ༧གོང་ས་མཆོག་གི་མཛད་འཆར་སྐོར་ལ་ཨ་རུ་ན་ཅལ་གཞུང་ཕྱོགས་ནས་གསལ་བསྒྲགས་ཤིག་སྤེལ་བའི་ནང་། ཐེངས་འདིར་༧གོང་ས་མཆོག་མོན་རྟ་དབང་ཁུལ་དུ་ཆིབས་སྒྱུར་གནང་དོན་གཙོ་བོ་སྨན་ཁང་ཞིག་སྒོ་འབྱེད་ཆེད་ཡིན་སྐོར་བརྗོད་འདུག སྔོན་མ་ ༢༠༠༣ ལོར་༧གོང་ས་མཆོག་ཁུལ་འདིར་ཆིབས་སྒྱུར་བསྐྱངས་སྐབས། འདིར་སྨན་ཁང་ཐེབས་ཆག་ཅིག་ཡོད་པ་དེ་ཡར་རྒྱས་གཏོང་ཆེད་ཧིན་སྒོར་འབུམ་ ༢༠ བསྩལ་ཡོད་པ་རེད། ད་ཆར་སྨན་ཁང་ལེགས་པར་གྲུབ་ཡོད་སྟབས། མངའ་སྡེ་སྤྱི་ཁྱབ་བློན་ཆེན་དང་མོན་རྟ་དབང་ས་གནས་སྤྱི་འཐུས་རྣམ་པས་གསོལ་བ་བཏབས་ པ་ལྟར་༧གོང་ས་མཆོག་ཆེད་ཕེབས་ཀྱིས་སྒོ་འབྱེད་གནང་རྒྱུ་ཞལ་བཞེས་ཐོབ་ཡོད་པ་རེད། གཞན། ཆོས་ཕྱོགས་ཀྱི་མཛད་འཕྲིན་ཁག་ནི། ༧གོང་ས་མཆོག་གིས་ཐེངས་སྔོན་ཕེབས་སྐབས་རྟ་དབང་མི་མང་ལ་རྗེས་མ་ཡང་བསྐྱར་ཕེབས་རྒྱུ་ཞལ་བཞེས་གནང་ཡོད་པ་མ་ཟད། སྐབས་དེར་སྤྱོད་འཇུག་གི་གསུང་ཆོས་གནང་རྒྱུའང་ཞལ་བཞེས་གནང་ཡོད་སྟབས། ཐེངས་འདིར་གྲྭ་བཙུན་ཚོ་དང་ས་གནས་མི་དམངས་ཀྱིས་སྐྱབས་འཇུག་ཞུས་པ་ལྟར། སྤྱོད་འཇུག་དང་སྤྱན་རས་གཟིགས་ཀྱི་བཀའ་དབང་སོགས་གནང་རྒྱུ་རེད། ༧གོང་ས་མཆོག་ཐེངས་འདིར་མོན་རྟ་དབང་ཁུལ་དུ་ཞབས་སོར་འགོད་རྒྱུ་གསལ་བསྒྲགས་བྱས་མ་ཐག་མི་མང་ཡོངས་ཧ་ཅང་དགའ་བོ་བྱུང་ཡོད་པ་མ་ཟད། ཆིབས་སྒྱུར་ལ་བར་ཆད་མི་འབྱུང་ཆེད་རིམ་གྲོ་སྒྲུབ་པ་དང་། མ་ཎི་གསོག་སྒྲུབ་ཀྱི་གྲངས་ཐོ་མང་པོ་ཞིག་ཉིན་འདི་འགར་དགོན་པར་འབྱོར་ཡོང་གིན་འདུག 

 

དྲི་བ། ༧གོང་ས་མཆོག་གི་མོན་རྟ་དབང་ཁུལ་གྱི་ཉིན་ལྔའི་རིང་གི་མཛད་རིམ་སྐོར་རགས་བསྡུས་ཤིག་ངོ་སྤྲོད་གནང་རོགས།
ལན། ཕྱི་ཚེས་ ༨ ཉིན་གྱི་མཛད་རིམ་ཐོག་མར་༧གོང་ས་མཆོག་རྟ་དབང་དགོན་པར་ཞབས་སོར་འཁོད་དེ་དགོན་པའི་འགྲེམས་སྟོན་ཁང་གསར་པ་ཞིག་སྒོ་འབྱེད་གནང་རྒྱུ་རེད། ང་ཚོའི་དགོན་པར་སྔར་འགྲེམས་སྟོན་ཁང་ཞིག་ཡོད་ནའང་། དེར་དགོན་པའི་རིག་དངོས་རིམ་པ་གཉིས་པ་དང་གསུམ་པའི་གྲས་མ་གཏོགས་བཤམ་སྟོན་བྱས་ཡོད་པ་མ་རེད། རྟ་དབང་དགོན་པར་གནའ་སྔ་མོའི་རིག་དངོས་རྩ་ཆེན་ཞེ་དྲག་མང་པོ་ཡོད། སྔོན་མ་རྟ་དབང་དགོན་པ་དང་འབྲུག་ཡུལ་གཉིས་མ་འཆམ་པའི་ལོ་རྒྱུས་ཤིག་ཡོད། སྐབས་དེའི་དམག་ཆས་དང་གོ་མཚོན་མང་པོ་ཞིག་ད་ལྟའང་དགོན་པར་ཉར་ཡོད། དེ་མིན་མང་ཆེ་བ་ཆོས་ཕྱོགས་དང་འབྲེལ་བའི་སྐུ་གསུང་ཐུགས་རྟེན་གྱི་རིག་དངོས་ཡིན་སྟབས། དེ་དག་འགྲེམས་སྟོན་བྱས་ན་ཡག་པོ་མི་འདུག་སྙམ་སྟེ་ད་བར་ཕྱིར་བཏོན་ཡོད་པ་མ་རེད། འོན་ཀྱང་། ལོ་རེ་བཞིན་ས་འདིར་རྒྱལ་ཁབ་འདྲ་མིན་གྱི་ཡུལ་སྐོར་སྤྲོ་འཆམ་པ་མང་དུ་འགྲོ་བཞིན་ཡོད་སྟབས། ས་གནས་དཔོན་རིགས་ཚོས་རིག་དངོས་དེ་དག་འགྲེམས་སྟོན་བྱ་རྒྱུ་གལ་ཆེན་ཡིན་སྐོར་ཡང་ཡང་བཤད་དེ། ཐེངས་འདིར་རིག་དངོས་དེ་དག་ཕྱིར་བཏོན་ཏེ་འགྲེམས་སྟོན་ཁང་གསར་པ་ཞིག་སྒོ་འབྱེད་བྱ་རྒྱུ་རེད། གཞན། དགོན་པའི་སློབ་གྲྭའི་དཔེ་མཛོད་ཁང་སྒོ་འབྱེད་གནང་རྒྱུ་རེད། དེ་ཧ་ཅང་གལ་ཆེན་པོ་ཞིག་ཆགས་ཡོད། སྔོན་མ་ནས་དགོན་པའི་མདུན་འདིར་དཔར་ཁང་རྙིང་བ་ཞིག་ཡོད། དེར་གསེར་བྲིས་དང་དངུལ་བྲིས་ཀྱི་དཔེ་རྙིང་ ༧༠༠ ལྷག་ཡོད་ལ། ཐེངས་འདིའི་དཔེ་མཛོད་ནང་བོད་ཡིག་དང་ཧིན་རྡི། དབྱིན་ཡིག་སོགས་ཀྱི་དཔེ་དེབ་སྣ་ཚོགས་དང་༧གོང་ས་མཆོག་གི་གསུང་ཆོས་ཀྱི་བརྙན་སྡེར་སོགས་ཡོད།

དེའི་རྗེས་དགོན་པའི་སློབ་གྲྭར་གདན་ཞུས་ཀྱིས་སློབ་གྲྭའི་ལས་བསྡོམས་དང་གྲྭ་ཚང་གི་ལས་བསྡོམས་སྙན་སྒྲོན་ཞུ་རྒྱུ་ཡིན། དེ་དང་མཉམ་དུ་མཚན་ཉིད་རྩོད་པ་ཞིག་ཀྱང་ཡོད། དེ་ནི་༧གོང་ས་མཆོག་གིས་དུས་རྒྱུན་སློབ་གྲྭ་ཁག་དུ་མཚན་ཉིད་གལ་ཆེན་དུ་གཟིགས་ཀྱིན་ཡོད་པ་ལྟར། ང་ཚོའི་འདི་གར་ཡང་མཚན་ཉིད་ཚུགས་ཏེ་ལོ་གཅིག་འགྲོ་བཞིན་ཡོད་ལ། མ་འོངས་པར་མུ་མཐུད་ཤུགས་སྣོན་རྒྱག་ཕྱིར་ཐེངས་འདིར་༧གོང་ས་མཆོག་ལ་སྤྱན་འབུལ་ཞུ་རྒྱུ་ཡིན། ཕྱི་ཚེས་ ༩ ཉིན་ལྷ་བབ་དུས་ཆེན་དང་བསྟུན་ཏེ་གསུང་ཆོས་དབུ་འཛུགས་དང་། སྨན་ཁང་སྒོ་འབྱེད་གནང་རྒྱུ་རེད། ཕྱི་ཚེས་ ༡༠ ཉིན་སྤྱན་རས་གཟིགས་ཀྱི་བཀའ་དབང་དང་། ཚེས་ ༡༡ ཉིན་རྒྱལ་བ་ཚངས་དབྱངས་རྒྱ་མཚོའི་འཁྲུངས་ཡུལ་ཨོ་རྒྱན་གླིང་དུ་ཆིབས་སྒྱུར་དང་མི་མང་ལ་བཀའ་སློབ་གནང་རྒྱུ་རེད། ཉིན་དེར་མོན་རྟ་དབང་གཙོས་པའི་ཨ་རུ་ན་ཅལ་དང་རྒྱ་གར་བྱང་ཤར་ཀྱི་ནང་པ་ཡོངས་ནས་༧གོང་ས་མཆོག་ལ་བརྟན་བཞུགས་རྒྱས་པ་ཞིག་བསྟར་འབུལ་ཞུ་རྒྱུ་དང་། ས་གནས་སོ་སོའི་མི་མང་གིས་རིག་གཞུང་འཁྲབ་སྟོན་བྱ་རྒྱུ་རེད། ཉིན་རྒྱབ་རྟ་དབང་མི་མང་གིས་༧གོང་ས་མཆོག་ལ་དྲན་རྟེན་ཞིག་བཞེངས་ཡོད་པ་དེ་སྤྱན་འབུལ་ཞུ་རྒྱུ་རེད། དེ་གང་ཡིན་ཟེར་ན། ༧གོང་ས་མཆོག་མོན་ཡུལ་དུ་ཕྱི་ལོ་ ༡༩༥༩ དང་ ༡༩༨༣ ། ༡༩༩༧ ། ༢༠༠༣ ། ༢༠༠༩ བཅས་ཐེངས་ ༥ ལ་ཕེབས་པའི་བཀའ་དྲིན་རྗེས་དྲན་མཚོན་ཕྱིར་ཡིན།

 

དྲི་བ། ཐེངས་སྔོན་མ་དག་ལ་༧གོང་ས་མཆོག་མོན་ཁུལ་དུ་ཆིབས་སྒྱུར་སྐབས་དགོན་པ་དང་ས་གནས་མི་དམངས་ཀྱིས་གདན་ཞུ་གནང་གིན་ཡོད་ཀྱང་། ཐེངས་འདིར་མངའ་སྡེའི་གཞུང་གི་ངོས་ནས་གདན་ཞུ་གནང་ཡོད་སྟབས། དེ་གཉིས་ལ་ཁྱད་པར་གང་ཡོད་དམ།
ལན། དེ་ལ་ཁྱད་པར་ཡོད་པ་རེད། ཐེངས་ འདིར་༧གོང་ས་མཆོག་གཙོས་པའི་སྐུ་འཁོར་ཡོངས་མངའ་སྡེ་གཞུང་གི་སྐུ་མགྲོན་གྱི་ཐོག་ཕེབས་བསུ་གནང་གིན་ཡོད་པ་རེད། དེ་ནི་༧གོང་ས་མཆོག་ལ་སྔར་དང་མ་འདྲ་བའི་ཆེ་མཐོང་གནང་བ་རེད། སྔོན་མ་བླ་ཆེན་མང་པོ་ཞིག་འདིར་ཕེབས་མྱོང་ཡང་། སྐབས་དེ་དག་ལ་གཞུང་གི་སྐུ་མགྲོན་དུ་ངོས་ལེན་བྱས་ཡོད་པ་མ་རེད། དེར་མ་ཟད། ཐེངས་འདིར་གསུང་ཆོས་སྐབས་ས་གནས་དམག་དཔོན་ཆེ་ཁག་དང་། མངའ་སྡེ་སྤྱི་ཁྱབ་བློན་ཆེན། ཉེ་ཆར་གསར་དུ་བསྐོས་པའི་བཀའ་བློན་ལྷན་ཚོགས་བཅས་ཀྱང་ཕེབས་རྒྱུ་རེད། ང་ཚོས་ཆོས་ཞུ་བ་གསུམ་ཁྲི་ ༣༠༠༠༠ ཙམ་ལ་རྩིས་བརྒྱབས་ཏེ་གསུང་ཆོས་ཕྱག་དཔེ་གོ་སྒྲིག་བྱས་ཡོད་ཀྱང་། ཉིན་འདི་འགར་འབྲུག་ཡུལ་ནས་མང་པོ་ཞིག་ཕེབས་རྒྱུ་ཡིན་པའི་བརྡ་ཐོན་འདུག་ལ། དེ་དག་ལ་ས་གནས་རྫོང་གི་ངོས་ནས་ཀྱང་དགའ་བསུ་བྱེད་ཀྱིན་འདུག  ཟ་འབྲུ་དང་སྣུམ། བཞུགས་གནས་གུར་དང་བཅས་པ་གྲ་སྒྲིག་ཨང་གསར་ཞུ་རྒྱུ་ཡིན་པ་ཁས་ལེན་བྱས་འདུག
 

 

དྲི་བ། རིན་པོ་ཆེ་མཆོག་གིས་མི་མང་ལ་མཁྱེན་རྟོགས་ཡོང་སླད། ལོ་རྒྱུས་ཀྱི་བཞུར་རྒྱུན་རིང་ཞིང་སྲིད་དོན་གྱི་གནད་འགག་ཆེ་བའི་མོན་རྟ་དབང་དགོན་པའི་བྱུང་རབས་སྙིང་བསྡུས་ཤིག་ངོ་སྤྲོད་གནང་རོགས།
ལན། ད་ཆར་མོན་རྟ་དབང་རྫོང་གི་འོག་ཏུ་མི་འབོར་བཞི་ཁྲི་ ༤༠༠༠༠ ཙམ་ཡོད། དེ་དག་ཚང་མ་ནང་པ་གཙང་མ་རེད། མོན་ཡུལ་ཁུལ་གྱི་མི་རྒྱུད་བྱུང་རབས་ཐད་བོད་བཙན་པོའི་སྐབས་སུ་བོད་ནས་མཆེད་ཚུལ་གྱི་ལོ་རྒྱུས་ཡོད་ལ། བཤད་ཚུལ་གཞན་ཡང་འདུག ས་འདིར་རྒྱང་མཁར་ཟེར་བ་སོགས་མཁར་མིང་མང་པོ་ཡོད། དེ་དག་སྔོན་ཆོས་རྒྱལ་སྐབས་ཀྱི་གཞུང་གི་མཁར་རེད་ཟེར། རིམ་གྱིས་རི་བོ་དགེ་ལུགས་པའི་བསྟན་པ་དར་འདུག ༧རྒྱལ་དབང་སྐུ་ཕྲེང་གཉིས་པ་དང་ཆོས་འབྲེལ་བྱུང་སྟེ། ཆོས་རྗེ་བླ་མ་བསྟན་པའི་སྒྲོན་མེ་དང་ཆོས་རྗེ་བློ་བཟང་བསྟན་པའི་ཉིན་བྱེད་སོགས་བྱོན་པ་རེད། དེ་ནས་སོག་པོའི་རྒྱལ་བོ་གུ་ཤྲཱི་བསྟན་འཛིན་ཆོས་རྒྱལ་དང་འབྲེལ་བ་བྱུང་ཞིང་། སྐབས་དེའི་ལོ་རྒྱུས་ད་ལྟ་འདུ་ཁང་གི་གཡོན་ངོས་ལྡེབས་རིས་སུ་ཡོད། ༧རྒྱལ་དབང་ལྔ་བ་ཆེན་པོ་མོན་ཡུལ་དང་འབྲེལ་བ་བྱུང་ཞིང་ལྔ་བ་ཆེན་པོའི་དངོས་སློབ་མི་ར་བླ་མ་བློ་གྲོས་རྒྱ་མཚོ་བྱོན། མི་ར་བླ་མ་བློ་གྲོས་རྒྱ་མཚོ་མཆོག་གིས་ཐོག་མར་འབྲུག་ཡུལ་གྱི་མི་ར་ཟེར་བའི་ཉེ་འཁྲིས་རྟ་དབང་ཐང་ལ། དགོན་པ་ཞིག་འདེབས་རྒྱུའི་དགོངས་པ་བཞེས་ཀྱང་། སྐབས་དེར་འབྲུག་པ་བཀའ་བརྒྱུད་དང་དགེ་ལུགས་པའི་བར་རྙོག་འཛིང་བྱུང་ཡོད་སྟབས། མི་ར་བླ་མ་འབྲུག་ནས་བཞུགས་མ་ཐུབ་པར་བྲོས་བྱོལ་གྱིས་མོན་ཡུལ་དུ་ཕེབས་འདུག ཉིན་ཞིག་ཁོང་གི་བཅིབས་རྟ་བོར་ཏེ་ད་ལྟའི་རྟ་དབང་དགོན་པའི་ཤུལ་འདི་ནས་བརྙེད་ཡོད་ས་རེད། དེ་ནས་ཁོང་གིས་ངའི་དགོན་པ་རྒྱག་ས་འདི་ཡིན། རྟ་ཡིས་དབང་བའི་ས་ཡིན་ཞེས་ས་མིང་ལ་རྟ་དབང་ཐོགས་པ་རེད་ཟེར་བའི་བཤད་སྲོལ་འདུག ཡང་གཏེར་སྟོན་པད་མ་གླིང་བས་ས་འདི་ནས་རྟ་མགྲིན་གྱི་དབང་གནང་སྟེ། ས་མིང་ལ་རྟ་དབང་ཐོགས་པ་རེད་ཟེར་བ་ཞིག་ཀྱང་འདུག སྐབས་དེར་དགོན་པ་འདེབས་རྒྱུར་དཀའ་ངལ་མང་པོ་འཕྲད་དེ། མི་ར་བླ་མ་དང་སློབ་མ་རྣམས་ཀྱིས་གྲོས་བྱས་ཏེ། ༧གོང་ས་ལྔ་བ་ཆེན་པོར་མགོ་འབུལ་ལུས་འབུལ་ཞུས་འདུག སྐབས་དེར་གྲོས་བསྡུར་གནང་མཁན་དག་གི་མཚན་ཐོ་ད་ལྟ་དགོན་པའི་ཡིག་རྙིང་ནང་འདུག ལྔ་བ་ཆེན་པོས་དགོན་པ་འདེབས་རྒྱུར་རྒྱབ་སྐྱོར་གཙང་མ་གནང་སྟེ། ཕྱི་ལོ་ ༡༦༨༡ ལོར་རྟ་དབང་དགའ་ལྡན་རྣམ་རྒྱལ་ལྷ་རྩེ་དགོན་པ་འདི་ཕྱག་འདེབས་གནང་འདུག རྗེས་སུ་དགོན་པ་འདིར་ཉམས་གསོ་ཐེངས་ལྔ་ཙམ་བྱས་འདུག ད་ཆར་དགེ་འདུན་པ་ ༤༥༠ ལྷག་ཡོད་ལ། ལྷོ་ཕྱོགས་གདན་ས་ཁག་དང་མཐོ་རིམ་སློབ་གྲྭར་སློབ་གཉེར་གནང་བཞིན་པ་ ༨༠ ཙམ་ཡོད། 

 

དྲི་བ། སྤྱིར་ མོན་རྟ་དབང་ཁུལ་དུ་དགོན་པ་ག་ཚོད་ཡོད་པ་དང་། རྟ་དབང་དགའ་ལྡན་རྣམ་རྒྱལ་ལྷ་རྩེ་དགོན་པ་དང་གྲྭ་ས་སེ་འབྲས་དགའ་གསུམ་བར་འབྲེལ་བ་གང་འདྲ་ཡོད་དམ།
ལན། མོན་རྟ་དབང་ཁུལ་དུ་དགེ་འདུན་གྱི་སྡེ་ཡོད་པའི་དགོན་པ་མོན་རྟ་དབང་དགོན་པ་འདི་དང་། དགོན་པ་འདི་ནས་ལོ་གསུམ་རེར་གཟིགས་རྟོགས་གནང་མཁན་དགེ་འདུན་པ་གཏོང་གིན་ཡོད་པའི་རྟ་དབང་དགོན་པའི་དགོན་ལག་བཅོ་ལྔ་བཅུ་དྲུག་ཅིག་ཡོད། སྔ་འགྱུར་རྙིང་མའི་དགོན་པ་མཁྱེན་རབ་གླིང་། སེར་བྱེས་འཇམ་དབྱངས་ཆོས་འཁོར་གླིང་། བཙུན་དགོན་ཆེ་ཆུང་ ༤ བཅས་ཡོད། མོན་པ་མི་མང་དང་རྟ་དབང་དགོན་པའི་བར་གནའ་སྔ་མོ་ནས་འབྲེལ་ལམ་ཧ་ཅང་ཟབ་མོ་ཞིག་ཡོད། ས་གནས་མི་མང་གི་བདེ་སྡུག་ཡོད་ཚད་དགོན་པར་ཞུ་བཞིན་ཡོད་ལ། དགོན་པའི་མཁན་པོ་ས་གནས་ཁག་ལ་ཕེབས་ཏེ་ནང་ཆོས་ངོ་སྤྲོད་སོགས་ཀྱི་ལས་དོན་མང་པོ་ཞིག་སྒྲུབ་ཀྱིན་ཡོད། ས་གནས་མི་མང་གི་དབང་ཆ་ཡོངས་རྫོགས་དགོན་པར་ཡོད་པ་ལྟ་བུ་ཡིན།
མོན་རྟ་དབང་དགོན་པ་དང་གདན་ས་ཁག་གི་འབྲེལ་བའི་སྐོར་ལ། སྔོན་མ་ང་བརྒྱད་གོང་དུ་མོན་རྟ་དབང་དགོན་པའི་དགེ་འདུན་པ་ཚོ་ལྷ་སའི་གདན་ས་ཁག་ལ་སློབ་གཉེར་ལ་ཕེབས་ཀྱིན་ཡོད་ལ། སྐབས་དེའི་དགེ་འདུན་པ་བགྲེས་པ་འགའ་རེ་ད་ལྟའང་དགོན་པ་འདིར་བཞུགས་ཡོད། ང་བརྒྱད་ལོར་བོད་ནང་དུས་འགྱུར་བྱུང་རྗེས་རྒྱ་གར་ནང་གི་གདན་ས་ཁག་ཏུ་སློབ་གཉེར་ལ་གཏོང་གིན་ཡོད་ཅིང་། དྲུག་ཅུ་རེ་གྲངས་ནང་འབྲས་སྤུངས་དགོན་པ་ནས་སྔ་ཕྱིར་དགེ་འདུན་པ་གསུམ་རྟ་དབང་དགོན་པའི་མཁན་པོར་བསྐོ་བཞག་གནང་འདུག ད་ལྟ་མོན་ཁུལ་ནས་གདན་ས་ཁག་ཏུ་སློབ་གཉེར་གནང་བཞིན་པ་གྲྭ་བ་ཕལ་ཆེར་དྲུག་བརྒྱ་ ༦༠༠ ལས་བརྒལ་ཡོད། དགོན་པ་འདིའི་ཆོས་ཕྱོགས་ཀྱི་བྱེད་སྒོ་ཆེ་ཁག་༧གོང་ས་མཆོག་ལ་དགོངས་སྐོར་ཞུ་བཞིན་ཡོད་ལ། ལྷག་པར་དུ་དགོན་པའི་མཁན་པོ་༧གོང་ས་མཆོག་རང་གིས་བསྐོ་བཞག་གནང་གིན་ཡོད། དེ་བཞིན། དགེ་རྒན་གདན་ཞུ་སོགས་ལའང་གདན་ས་ཁག་ནས་འགན་ལེན་བཞིན་ཡོད།

 

དྲི་བ། ད་ ལྟའི་ཆར་དགོན་པ་འདིའི་ཆོས་ཕྱོགས་ཀྱི་བསླབ་པ་སློབ་གཉེར་གནང་སྟངས་གང་འདྲ་ཡིན་པ་དང་། སློབ་གྲྭ་སོགས་དེང་རབས་ཀྱི་ཤེས་བྱ་རིགས་ཁྲིད་སྤེལ་གྱི་ཁོར་ཡུག་ཡོད་དམ།
ལན། དགོན་པ་འདིར་སྔོན་མ་ནས་ཕྱག་དཔེ་བློ་འཛིན་རིགས་མང་པོ་ཞིག་ཡོད་ལ། དེ་ལ་དགེ་འདུན་པ་ཚོ་ཧ་ཅང་ཐུགས་ཉེ་བོའང་ཡོད། ཕྱིས་སུ་དགོན་པར་སློབ་གྲྭ་གསར་འཛུགས་གནང་རྗེས་དགེ་འདུན་པ་མང་ཆེ་བ་སློབ་གྲྭའི་ནང་ཞུགས་ཡོད་པ་རེད། ཐོག་མར་སློབ་གྲྭ་དེར་འཛིན་གྲྭ་བརྒྱད་པ་བར་ཡོད། སློབ་མ་ཚོས་ལོ་རེ་རེའི་དགོན་པའི་ཆོ་ག་ཕྱག་ལེན་ཏག་ཏག་འགྲོ་དགོས་པའི་ཐོག་ལ། དེང་རབས་དང་མཐུན་པའི་འཛིན་རིམ་བརྒྱད་པ་བར་བོད་ཡིག་དབྱིན་ཡིག ཧིན་རྡི། ཨང་རྩིས། སྤྱི་ཚོགས་ཚན་རིག་སོགས་སློབ་ཚན་ཆ་ཚང་བ་ཞིག་ཡོད། ལོ་རེ་རེའི་སློབ་མ་རྩེ་ཕུལ་གཉིས་རེ་ཝ་རཱ་ཎ་སི་མཐོ་སློབ་ཏུ་གཏོང་གིན་ཡོད། ད་ལྟ་ཝར་ན་ཐོན་པའི་ཨཀྱ་རྱ་དང་ཤཱ་སྟྲི་མང་པོ་ཡོད། རྗེས་སུ་དགེ་འདུན་པའི་ཞལ་གྲངས་འཕར་བ་དང་བསྟུན་ཏེ་འཛིན་གྲྭ་བཅུ་བའི་བར་སྤར་ཡོད། འཛིན་གྲྭ་མཐོ་བའི་རིགས་ལ་མདོ་སྔགས་གཉིས་གཙོ་བོར་གྱུར་བའི་གྲྭ་ཚང་གི་ཕྱག་ལེན་རིགས་ཀྱི་སློབ་ཚན་གཏན་འབེབས་བྱས་ཡོད། དེ་ལྟར་རིམ་པ་བཞིན་དགེ་བསྐོས་དང་དབུ་འཛད། སློབ་དཔོན་བཅས་སུ་ཕེབས་དགོས་ལ། དགེ་བཤེས་གཏོང་རྒྱུ་དང་མཐོ་རིམ་སློབ་གྲྭར་འགྲིམ་རྒྱུའི་ལམ་ཁ་ཡང་ཡོད། སྔོན་མ་དགེ་འདུན་པ་ཚོར་སྤྱི་ཐབ་ཡོད་པ་མ་རེད། གྲྭ་ཚང་གཞུང་གི་འབྲུ་ཕོགས་རེ་ཡོད་པ་ཙམ་ལས་འཚོ་བ་རང་མགོ་རེད། རིམ་གྱིས་དེ་དག་ལ་འགྱུར་བ་བཏང་ཞིང་སྤྱི་ཐབ་བཟོས་ཏེ། ད་ཆར་དགེ་འདུན་པ་ཚོའི་སློབ་གཉེར་གྱི་མཐུན་རྐྱེན་ཇེ་ཡག་ཏུ་བཏང་ཡོད།

འབྲེལ་ཡོད་གསར་འགྱུར།

A large crowd walks in a market area outside Dadar station in Mumbai, India, Friday, March 17, 2023. [AP Photo/Rajanish Kakade]
Mobile App

རྒྱ་གར་གྱིས་མི་འབོར་གྲངས་བཤེར་བྱེད་མགོ་བཙུགས། 

ཆུ་ཚོད་ ༢༡ སྔོན་ལ།
NASA's Artemis II mission to fly by the moon, comprising of the Space Launch System (SLS) rocket with the Orion crew capsule, lifts off from the Kennedy Space Center in Cape Canaveral, Florida, U.S., April 1, 2026. REUTERS/Joe Skipper Purchase Licensing Rights
Mobile App

ཨ་རིས་ཟླ་བའི་སྟེང་མཁའ་འགྲུལ་བ་བཞི་བཏང་།

ཆུ་ཚོད་ ༢༡ སྔོན་ལ།
Mobile App

རྒྱ་གར་ནང་རྒྱ་ནག་གི་ཉེན་སྲུང་བརྙན་མིག་བཀག་སྡོམ་བྱས་འདུག

༢༠༢༦/༠༤/༠༡
Tibettimes Photo 2025/9/16
Mobile App

དགེ་འདུན་པ་དར་རྒྱས་ལགས་སུ་ལོ་ངོ་བདུན་གྱི་བཙོན་འཇུག་ཁྲིམས་ཐག་བཅད།

༢༠༢༦/༠༤/༠༡
དྷ་ས་ནས་ལྡི་ལི་བར་གྱི་ཞྭ་མོ་ནག་པོའི་གོམ་བགྲོད་ཀྱི་ལས་འགུལ་བ། ༢༠༢༦།༠༣།༣༡ དུས་བབ་ཀྱི་པར།
Mobile App

དྷ་རམ་ས་ལ་ནས་ལྡི་ལི་བར་ཞྭ་མོ་ནག་པོའི་གོམ་བགྲོད་མགོ་འཛུགས་གནང་།

༢༠༢༦/༠༣/༣༡
The new government led by Prime Minister Balendra Shah unveiled an ambitious 100-point work plan on Saturday, a signal of a break from the slow, plodding pace of past administrations. PHOTO: THE KATHMANDU POST
Mobile App

བལ་ཡུལ་གྱི་སྲིད་གཞུང་གསར་པའི་བསྒྱུར་བཅོས་དོན་ཚན་ ༡༠༠ ལག་བསྟར་བྱེད་ཀྱི་ཡོད་འདུག

༢༠༢༦/༠༣/༣༡

མཆན། 10

  1. tenzin lobsang says:
    ལོ་ 16 སྔོན།

    {{üü GôP-Å-¤VôGÅ-¤ôm-hÝ-ºwïzÅ-q-hï-P-¤±ô-zôh-¤Û-¤P-hP-¿ËG-q¼-zôh-¤ºÛ-V-zÁÅ-¤±ô-mºÛ-¾-ºôG-¼P-¼ÛGÅ-¤ôm-q-n¤Å-ˆP-zÇ+¾-q-z¸P-qô-¼ïhüüü

    Reply
  2. jig,wang says:
    ལོ་ 16 སྔོན།

    བོད་མི་རིགས་ཀྱི་ཆོས་དང་རིག་གཞུང་གྱི་ཤུགས་རྐྱེན་ཆེན་པོ་ལྡན་པའི་ལུང་པ་དེར་༧གང་ས་མཆོག་ལྟ་བུ་སྐྱེས་དག་གི་ཞབས་སོར་འཁོད་ནས་ཡང་དག་ཆོས་ཀྱི་ལམ་སྟོན་བཟང་པོ་གེགས་མེད་ལྷུན་གྲུབ་ཡོང་བར་ང་ཚོ་བོད་མི་མི་རེ་ངོ་རེ་ནས་དམ་ཚིག་སྲུངས་སྡོམ་དང་སྐུ་རིམ་ཞབས་བརྟན་ལ་འབད་ཡ་དེ་གལ་ཆེན་པོ་ཞིག་དུ་མཐོང་།

    Reply
  3. བོད། ཤ་ཁྲག་རུས་གསུམ། says:
    ལོ་ 16 སྔོན།

    ས་གནས་ས་ཐོག་རང་གི་མི་མང་རྒན་པ་དག་ལ་བཅའ་འདྲི་རེ་བྱེད་ཐུབ་པ་ཡིན་ན་ཡག་པོ་འདུག མི་ཐོག་རྒན་པ་དག་རྫོགས་ནས་འགྲོ་བཞིན་ཡོད་པ་རེད། དེ་དག་ནི་དངོས་ནས་ལོ་རྒྱུས་དང་འབྲེལ་བའི་མི་དག་ཡིན་པས་གསར་འགོད་ལ་ལགས་ཀྱིས་བདག་གི་རེ་སྐུལ་འདི་སེམས་སུ་འཛིན་རོགས་ཞུ།

    Reply
  4. འབྲོག་གཡག says:
    ལོ་ 16 སྔོན།

    མུ་མཐུད་དུ་གསར་འགྱུར་མང་པོ་སྤེལ་རྒྱུ་རེ་སྒུག་བྱེད་ཀྱིན་ཡོད།
    ༸གོང་ས་མཆོག་ད་ཐེངས་གནད་འགག་ཅན་གྱི་ས་ཚིགས་ཤིག་ལ་ཕེབས་ཡོད་སྟབས། གསར་འགྱུར་གང་མང་སྤེལ་རྒྱུར་སྒུག་ཡོད།

    Reply
  5. སྨར་དྷི་ཟེར། says:
    ལོ་ 16 སྔོན།

    དངོས་མོན་རྟ་དབང་ཞིག་པ་དེར་བོད་མི་རིགས་ཀྱི་སྲོལ་རྒྱུན་གྱི་ལམ་སྲོལ་ཆ་ཚང་ཡོད་པའི་ལུང་པ་ཞིག་ཡིན་
    ཚོད་གདའ་་
    གསར་འགོད་པ་དོན་བཀྲ་ལགས་ད་དུང་མུ་འཐུད་དཔར་རིགས་དང་གསར་འགྱུར་གང་མང་ཡོང་བས་རེ་སྒུག་བྱེད་བཞིན་ཡོད་།

    Reply
  6. གཡང་མདའ། says:
    ལོ་ 16 སྔོན།

    ཇི་ལྟར་གསོལ་བ་བཏབས་པ་བཞིན་དེ་ལྟར་བྱ་བ་ལམ་འགྲོ་ཡོང་བའི་སྨོན་འདུན་ཞུ

    Reply
  7. མཚོ་ཚང་བཀྲིས། says:
    ལོ་ 16 སྔོན།

    གསར་འགོད་པ་ལགས།
    ཁྱེད་རང་གིས་ མེ་རག་བླ་མར་ མི་ར་བླ་མ་ ཞེས་བྲིས་འདུག་པ་ནོར་བ་ཡིན་ས་རེད།
    ད་དུང་རྒྱ་གར་གི་སྐད་ཡིག་ལ་ ཧིན་རྡི་ ཟེར་གྱི་རེད། ཧིན་རྡུ་ཟེར་ན་རྒྱ་གར་གྱི་ཆོས་ལུགས་རེད།
    དབྱིན་ཡིག་ནང་དེ་ལྟར་རྒྱ་གར་སྐད་ཡིག་ལ་ Hindi དང་
    རྒྱ་གར་ཆོས་ལུགས་ལ་ Hindu ཟེར།

    ཐེངས་འདིའི་དཔེ་མཛོད་ནང་བོད་ཡིག་དང་ཧིན་རྡུ།

    མི་ར་བླ་མ་བློ་གྲོས་རྒྱ་

    Reply
  8. གཅན་བཟོད་རྒྱམ། says:
    ལོ་ 16 སྔོན།

    ང་ཚོའི་གསར་འགོད་པ་ས་གནས་སུ་སོང་སྟེ་གནས་ཚུལ་མཁོ་གཏོང་བྱས་པ་དངོས་གནས་བཟང་སོང་མ་གཏོགས། རྒྱ་གར་གཞུང་གིས་གནས་ཚུལ་འགོག་ཆེད་དུ་གསར་འབོད་ལས་རིགས་ལ་བཀག་རྒྱ་བྱེད་ཀིན་ཡོད་སྐོར་གོ་རྒྱུ་འདུག་གཱ ད་ཐེངས་དོན་བཀྲས་དངོས་གནས་ལས་བཟང་པོ་ཞིག་བྱས་འདུག

    Reply
  9. རྒྱང་རིང་ནས། says:
    ལོ་ 16 སྔོན།

    ཅི་བསམ་རེ་འདོད་འགྲུབ་པའི་སྨོན་འདུན་གྲངས་མེད་ཞཱུ།

    Reply
  10. འདྲེ་རིག་ལྡན། says:
    ལོ་ 16 སྔོན།

    དོན་བཀྲ་ཁྱོད་ཁ་དྲོ། ཚེ་རིང་།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese