ཨོ་སི་ཊོ་ལི་ཡའི་ཉིན་དང་པོའི་མཛད་འཕྲིན།

༧གོང་ས་མཆོག་སེ་ཊི་ནེ་ཡི་གནམ་ཐང་ལ་ཕེབས་སྐབས་དེ་གར་ཡོད་པའི་བོད་རིགས་ ༦༠༠ ལྷག་གིས་ཕེབས་བསུ་ཞུས་ཤིང་། རྗེས་སོར་ཁོང་གི་མགྲོན་ཁང་གི་མདུན་དུ་བོད་མིའི་སྲོལ་རྒྱུན་གྱི་གཞས་སྣ་འཁྲབ་སྟོན་གནང་སྟེ་ཕེབས་བསུ་ཞུས་ཡོད་པ་རེད།

སང་ཉིན་ནས་ཉིན་གཉིས་རིང་༧གོང་ས་མཆོག་གིས་སེ་ཊི་ནེ་རུ་བྱང་ཆུབ་སེམས་འགྲེལ་གྱི་སྟེང་གསུང་ཆོས་གནང་རྒྱུ་ཡིན་པ་དང་། དེའི་རྗེས་ཀྱི་ཉིན་ཤས་རིང་སེ་ཊི་ནེ་དང་ཨག་ཁུ་ལན་ཌི། ཧོ་བྷར་ཊི། མེལ་བྷོར་ནེ་བཅས་སུ་མི་དམངས་ལ་བཀའ་སློབ་གནང་རྒྱུ་ཡིན་འདུག མེལ་བྷོ་ནེའི་འཛམ་གླིང་ཆོས་ལུགས་ཚོགས་ཆེན་ཐེངས་ལྔ་པའི་ཐོག་རྒྱལ་སྤྱིའི་གྲགས་ཅན་ཀླད་པའི་ཚན་རིག་མཁས་ཅན་དང་ལྷན་དུ་༼སེམས་དང་དེའི་ནུས་པ་༽ཞེས་པའི་ཐོག་བགྲོ་གླེང་གནང་རྒྱུ་ཡིན་འདུག

ཐེངས་འདིའི་ཆིབས་བསྒྱུར་དེ་ནི་༧གོང་ས་མཆོག་གིས་ནོ་བྷེལ་ཞི་བའི་རྟགས་མ་བཞེས་ཏེ་ལོ་ངོ་ཧྲིལ་པོ་ ༢༠ འཁོར་བའི་དུས་དྲན་དང་སྐབས་འཁེལ་ཡོད་པ་རེད།

ཉིན་དང་པོའི་གསར་འགོད་ལྷན་ཚོགས་སྟེང་༧གོང་ས་མཆོག་གིས། ཁོང་གི་སྐུ་ཚེའི་རིང་གི་ཐུགས་རེ་ཆེ་ཤོས་ནི་འགྲོ་་བ་མིའི་གཞི་རྩའི་རིན་ཐང་གོང་མཐོར་གཏོང་རྒྱུ་དང་། ཆོས་ལུགས་འཆམ་མཐུན་བཟོ་རྒྱུ། འགྲོ་བ་མི་ཚང་མ་ཕན་ཚུན་རྟེན་ཅིང་འབྲེལ་བ་དང་ཁོར་ཡུག་ལ་རྟེན་ཅིང་འབྲེལ་ཡོད་པ་འདི་གོ་རྟོགས་ཡོང་འཇུག་རྒྱུ་བཅས་ཡིན་སྐོར་གསུངས་འདུག 

གསར་འགོད་པས་ཁོང་ལ་གོ་ལའི་ཚ་དྲོད་དང་འཚོགས་ལ་ཉེ་བའི་ཁོ་པེན་ཧ་གྷན་གྱི་ཚོགས་འདུའི་ཐད་དགོངས་ཚུལ་ཅི་ཡོད་དྲིས་སྐབས་ཁོང་གིས། ང་ཚོས་གོ་ལའི་ཁོར་ཡུག་འདི་དང་མ་འོངས་པའི་མི་རབས་དག་ལ་འགན་ཆེན་པོ་ཞིག་འཁུར་དགོས་སྐོར་ཞིབ་རྒྱས་སུ་གསུངས་ཡོད་པ་དང་། ཁོང་གིས་བོད་ནི་འཛམ་གླིང་གི་སྣེ་གསུམ་པ་དེ་ཡིན་པར་གསུངས་པ་མ་ཟད། ཁོང་གིས་ཨེ་ཤ་ཡའི་མི་འབོར་དུང་ཕྱུར་གཅིག་ལྷག་གི་བདེ་དོན་ཕྱོགས་ནས་བོད་ཀྱི་ཁོར་ཡུག་འདི་ཇི་འདྲའི་གལ་ཆེན་པོ་ཆགས་ཡོད་སྐོར་དང་། ཨེ་ཤ་ཡའི་གཙང་བོ་ཆེ་ཤོས་དང་བོད་ནས་འབབ་ཀྱིན་པའི་གནས་སྟངས་གསལ་བཤད་གནང་ཡོད་པ་རེད། ཁོང་གིས་གོ་ལའི་ཁོར་ཡུག་གི་གནད་དོན་རིགས་ནི་རྒྱལ་ཁབ་ཀྱི་ཁེ་ཕན་ལས་གཙོ་བོར་འཇོག་དགོས་པ་དང་སྲིད་དོན་པ་དག་གིས་གོ་ལའི་ཚ་དྲོད་ཀྱི་འགྱུར་བའི་ཐད་གྲུབ་འབྲས་ཤིག་བརྙེད་ཐབས་བྱ་རྒྱུ་ནི་ཁོང་ཚོའི་ལས་འགན་དང་པོར་བརྩི་དགོས་པ་རེད་ཅེས་གསུངས་འདུག

འདིའི་ཐད་༧གོང་ས་མཆོག་གིས། སྐབས་རེར་ཁོང་ཚོའི་གལ་ཆེ་ཤོས་ཀྱི་ལས་དོན་ནི་རྒྱལ་ཁབ་ཀྱི་ཁེ་ཕན་དང་། རྒྱལ་ཁབ་དེའི་དཔལ་འབྱོར་གྱི་ཁེ་ཕན་རེད། ཨང་གཉིས་པ་ནི་གཞི་ནས་གོ་ལའི་གནད་དོན་རེད། ངོས་རང་གིས་བསམ་ན་འདི་ལ་འགྱུར་བ་ཞིག་གཏོང་དགོས་ཀྱིན་འདུག གོ་ལའི་གནད་དོན་དེ་ཨང་དང་པོར་འཇོག་དགོས་ཀྱིན་འདུག་ཅེས་གསུངས་ཡོད་པ་རེད།

༧གོང་ས་མཆོག་གིས་འཛམ་གླིང་གི་དབུ་ཁྲིད་ཚོས་གནམ་གཤིས་འགྱུར་ལྡོག་ཐད་ལས་གཞི་འདི་མགོ་བརྩམས་ཐུབ་པར་དགའ་བོ་བྱུང་། ཡིན་ཡང་ཁོ་པེན་ཧ་གྷན་གྱི་ཐེངས་འདིའི་ཚོགས་འདུ་དེ་དོན་ཕན་ལྡན་པ་ཞིག་ཡོང་དགོས་པ་རེད་ཅེས་བཀའ་གནང་འདུག

༧གོང་ས་མཆོག་གིས་ཉིན་འདིའི་གསར་འགོད་པ་ཚོར་གསུངས་དོན། དམངས་གཙོ་ཚད་ལྡན་གྱི་སྤྱི་ཚོགས་ཤིག་ལ་མཚོན་ན། རང་དབང་དང་དོན་དངོས་ལ་གཞོལ་བའི་གསར་འགོད་བརྒྱུད་ལམ་ཞིག་དགོས་རྒྱུ་གལ་ཆེན་པོ་རེད་ཅེས་དང་། གསར་འགོད་པ་རྣམས་ཀྱིས་གནས་ཚུལ་གྱི་ཁ་ངོས་ཙམ་མིན་པར་ཞིབ་ཚགས་པོས་ཞིབ་འཇུག་བྱས་ཏེ་མང་ཚོགས་ལ་ཤེས་ཡོན་རག་རྒྱུར་རོགས་རམ་གནང་རྒྱུའི་སྐུལ་མ་གནང་ཡོད་པ་རེད།

གསར་འགོད་པས་ཁོང་ཉིད་ཕྱིར་བོད་དུ་ལོག་འདོད་ཡོད་མེད་དྲིས་སྐབས་ཁོང་གིས། རྒྱ་ནག་གཞུང་གིས་ངོས་ལ་ག་དུས་གློག་འོད་ལྗང་ཁུའི་བརྡ་བསྟན་པ་ཡིན་ན་ངོས་རང་ཕྱིར་བོད་དུ་ལོག་རྒྱུར་གྲ་སྒྲིག་ཨང་གསར་ཡོད་ཅེས་བཀའ་ལན་གནང་འདུག

མཇུག་མཐར། མེལ་བྷོ་ནེར་བདུན་ཕྲག་རྗེས་མའི་ནང་འཚོགས་རྒྱུའི་འཛམ་གླིང་ཆོས་ལུགས་ཚོགས་ཆེན་དེའི་སྟེང་བཅར་མཁན་གཞོན་སྐྱེས་ཚོར་འབོད་སྐུལ་འདྲ་ཡོད་མེད་དྲིས་པར་ཁོང་གིས། དེང་གི་གཞོན་སྐྱེས་ཚོས་དུས་རབས་ ༢༡ པའི་ནང་བྱེད་ནུས་གང་འདྲ་ཞིག་འདོན་པའི་གལ་ཆེན་རང་བཞིན་དང་། གཞོན་སྐྱེས་ཚོར་ཁྱོན་ཡོངས་དང་ཕུགས་བརྟན་པའི་མནོ་བསམ་གཏོང་ཤེས་སྐོར་ལ་སྐུལ་མ་གནང་ཡོད་འདུག

བསྐྱར་བཅོས།: ༢༠༡༧/༠༥/༠༢

Leave a Reply

7 thoughts on “ཨོ་སི་ཊོ་ལི་ཡའི་ཉིན་དང་པོའི་མཛད་འཕྲིན།

  1. ཞི་བདེའི་ལྷ་ལམ་དཀར་པའི་ཐོག་ཏུ་རབ་བསྐྱོད་ཞིང་རྟེན་འབྲེལ་སླུ་བ་མེད་པའི་བདེན་དོན་རྣམས་གསུངས་ནས་འགྲོ་འདུལ་རྣམས་ལ་ཐར་པའི་ལམ་སྣེ་སྟོན་པར་མཛད་པའི་མགོན་པོ་གང་གི་མཛད་པ་དབྱར་གྱི་ཆུ་བོ་བཞིན་དུ་རྒྱས་འགྱུར་ཅིག།་

    ཨོྃ་ཨཱ་ཧུྃ།

  2. བོད། ཤ་ཁྲག་རུས་གསུམ།

    སྐབས་རེར་ཁོང་ཚོའི་གལ་ཆེ་ཤོས་ཀྱི་ལས་དོན་ནི་རྒྱལ་ཁབ་ཀྱི་ཁེ་ཕན་དང་། རྒྱལ་ཁབ་དེའི་དཔལ་འབྱོར་གྱི་ཁེ་ཕན་རེད། ཨང་གཉིས་པ་ནི་གཞི་ནས་གོ་ལའི་གནད་དོན་རེད།

  3. གཅན་བཟོད་རྒྱམ།

    ༸གོང་ས་མཆོག་གིས་ཕྱི་རྒྱལ་ཁག་ནས་གནང་བའི་གསུང་བཤད་དང་གསར་འགོད་གསལ་བསྒྲགས་གནང་བ་སོགས་ཀྱང་གཅིག་ཀྱང་མ་ལུས་པར་ང་ཚོས་བཙལ་འཚོལ་གྱིས་མགོན་པོ་གང་གི་གསུང་རྩོམ་ནང་དུ་བསྒྲིགས་ཐབས་བྱ་རྒྱུ་དང་། འདི་དག་ནི་རིན་ཐང་གཞལ་དུ་མེད་པའི་ནོར་ཁོ་ན་ཡིན་པས། སྐུ་སྒེར་ཡིག་ཚང་གིས་གཙོས་བོད་གཟུང་གིས་འདི་ཚོའི་སྐོར་ལ་ཐུགས་བསམ་བཞེས་རྒྱུ་མཁྱེན། གལ་སྲིད་སྒྲ་འཇུག་ལ་སོགས་བྱེད་ཀྱིན་ཡོད་ཚེ་བོད་པའི་སྤྱི་གིས་མཚོན་འཛམ་གླིང་མི་དམངས་ལ་དཀྲམ་ཐུབ་ན་ཅི་མ་རུང་། མགོན་པོ་གང་གི་སྐུ་ཚེ་བརྟན་ཅིང་མཛད་འཕྲིན་རྒྱས་གྱུར་ཅིག