སློབ་མའི་ཀླད་པར་སྐྱོན་ཞུགས་པ་མ་རེད།

ཚན་རིག་དང་ཨང་རྩིས་སོགས་ཀྱི་སློབ་སྦྱོང་ལ་ཞུགས་མཁན་དང་དོ་སྣང་བྱེད་མཁན་མང་པོ་མེད་པ་དེ་སློབ་མའི་ཀླད་པར་སྐྱོན་ཞུགས་པ་མ་ཡིན་པར། གཞི་རིམ་འོག་མའི་སྐབས་ནས་སློབ་ཚན་སྤྱིའི་སློབ་ཁྲིད་བྱེད་སྟངས་ལ་སྐྱོན་བྱུང་ཡོད་པ་ར་སྤྲོད་བྱུང་ཅེས་ཤེས་རིག་དྲུང་ཆེ་མཆོག་གིས་གསུངས།

བཙན་བྱོལ་བོད་མིའི་ཤེས་རིག་ཚོགས་ཆེན་ཐེངས་ལྔ་བ་དེ་ཕྱི་ཚེས་ ༢༧ ཉིན་ངྷ་ཤོད་བོད་ཁྱིམ་སློབ་གྲྭ་རུ་འཚོགས་ཤིང་། དེར་མི་གྲངས་ ༣༠༠ ལྷག་འདུ་འཛོམས་གནང་ཡོད། ཚོགས་འདུའི་མཛད་རིམ་གྱི་ཐོག་མར་བོད་གཞུང་ཤེས་རིག་བཀའ་བློན་གྱིས་ཚོགས་ཆེན་གྱི་དམིགས་ཡུལ་དང་ཚོགས་ཞུགས་པའི་སྐོར་སྙན་སྒྲོན་གནང་དོན།  ཐེངས་འདིའི་ཤེས་རིག་ཚོགས་ཆེན་དེ་ཤེས་ཡོན་གྱི་གནས་ཚད་དང་བོད་པའི་རིག་གཞུང་མི་ཉམས་གོང་སྤེལ་དང་ཉམས་པ་སླར་གསོ་སོགས་བསྐྱར་ཞིབ་བྱེད་པའི་སྡིངས་ཆ་གལ་ཆེ་ཤོས་དེ་ཆགས་ཡོད་སྟབས། ཤེས་ཡོན་ཉམས་ཆག་འགྲོ་བའི་རྒྱུ་རྐྱེན་གཙོ་བོ་གང་ཡིན་འཛིན་སྐྱོང་ནས་བསྐྱར་ཞིབ་ཀྱིས་ར་འཕྲོད་པ་ངོ་སྤྲོད་དང་འབྲེལ་སྐོང་འཚོགས་གནང་བ་ཞིག་ཡིན་ལ། དེ་ཡང་དང་པོ། སློབ་གྲྭ་ཁག་གི་ཤེས་ཡོན་གནས་ཚད་ཉམས་ཆགས་སུ་ཕྱིན་པའི་རྒྱུ་རྐྱེན་དང་སླད་ཡར་རྒྱས་གཏོང་ཕྱོགས། གཉིས་པ། བོད་ཀྱི་སྐད་ཡིག་དང་རིག་གནས་ཤེས་ཚད་ཉམས་ཆགས་སུ་ཕྱིན་ཡོད་པ་དེའི་རྒྱུ་རྐྱེན་དང་སླད་ཡར་རྒྱས་གཏོང་ཐབས། གསུམ་པ། སློབ་གྲྭ་ཁག་གི་ཡ་རབས་བཟང་སྤྱོད་ཡར་རྒྱས་གཏོང་ཐབས། བཞི་པ། དགེ་རྒན་གྱི་ལས་འགན་དང་ཁྱད་ཆོས་ཀྱི་གནད་དོན་བཅས་ཀྱི་ཐོག་བསྐྱངས་པ་ཞིག་ཡིན་ལ། དེ་བཞིན་ཚོགས་ཆེན་སྔ་མ་དང་འགན་འཛིན་ཚོགས་ཆེན་སྔ་མའི་སྐབས་ཀྱི་གྲོས་ཆོད་ཀྱི་སྙན་སྒྲོན་བསྐྱར་ཞིབ་དང། བོད་ཀྱི་སྐད་ཡིག་དང་རིག་གཞུང་སློབ་སྟོན་གནང་ཕྱོགས། དབྱིན་ཇིའི་སྐད་ཡིག་དང་དེང་རབས་ཀྱི་སློབ་ཚན་ཁག་སློབ་ཁྲིད་གནང་ཕྱོགས། ཀུན་སྤྱོད་སློབ་གསོ་དང་སྒྲིག་ལམ་སྲུང་སྐྱོབ་སོགས་བོད་ཀྱི་ཐུན་མོང་མ་ཡིན་པའི་རིག་གཞུང་དང་དེང་རབས་སློབ་གསོ་ཡར་རྒྱས་གཏོང་ཐབས། ༧གོང་ས་མཆོག་གི་བཀའ་དགོངས་ཇི་བཞིན་དེང་ལུགས་རིགས་གཅིག་རྐང་འཛིན་གྱི་སློབ་གཉེར་སྤེལ་སྟངས་དང་ཤེས་ལྡན་མི་སྣ་གསོ་སྐྱོང་བྱ་ཐབས་སོགས་ཀྱི་ཐད་གོ་བསྡུར་གནང་རྒྱུ་ཡིན་ཅེས་གསུངས་བྱུང་།

ཤེས་རིག་དྲུང་ཆེ་གཡུ་ཐོག་ཀརྨ་དགེ་ལེགས་ལགས་ཀྱིས་བཙན་བྱོལ་བོད་མིའི་ཤེས་ཡོན་གྱི་གནས་བབ་དང་ལས་དོན་སྙན་སྒྲོན་གནང་དོན། རྒྱ་བལ་འབྲུག་གསུམ་ཏུ་ཤེས་རིག་ལས་ཁུངས་ཀྱི་གཞི་རིམ་སློབ་གྲྭའི་གྲངས་ཚད་དུས་ནས་དུས་སུ་འཕར་གྱིན་ཡོད་པ་ལྟར། ད་ལྟའི་ཆར་སྔོན་འགྲོའི་སྡེ་ཚན་ཁག་ཟུར་དུ་མ་རྩིས་པའི་སློབ་གྲྭ་ཁག་ ༧༧ དང་དེ་དག་གི་སློབ་ཕྲུག་ཕོ་མོའི་གྲངས་ ༢༦༩༦༥ ཡོད་ལ། སློབ་ཕྲུག་རྩ་འབོར་གྱི་བརྒྱ་ཆ་ ༡༢ རྒྱ་བལ་ཡུལ་མིའི་བྱིས་པ་དང་། བརྒྱ་ཆ་ ༡༩ བོད་ནས་འབྱོར་བའི་བྱིས་པ།  བརྒྱ་ཆ་ ༦༩ བཙན་བྱོལ་དུ་སྐྱེས་པའི་བྱིས་པ་ཡིན། སློབ་གྲྭ་དེ་དག་ཏུ་དགེ་ལས་ ༢༣༨༤ ཡོད་པའི་ཁྲོད་བོད་རིགས་དགེ་ལས་གྲངས་ ༡༧༤༦ ཡོད། གོང་གསལ་གྲངས་ཐོ་ནང་མེད་པའི་ཤེས་རབ་དགའ་ཚལ་སློབ་གླིང་གི་སློབ་ཕྲུག་གྲངས་ ༤༨༩ དང་དགེ་ལས་གྲངས་ ༥༤ ཡོད། ལོ་རབས་དགུ་བཅུ་བའི་མགོ་སྟོད་ནས་བཟུང་བོད་ཁྱིམ་གཉིས་ཚུད་པའི་བོད་ཕྲུག་སྡེ་ཚན་ཁག་གི་སློབ་ཕྲུག་སློབ་ཞུགས་བྱེད་མཁན་ཉུང་དུ་སོང་ཡོད་པ་དང། བར་ལམ་ནས་ཅུང་ཟད་མང་དུ་ཕྱིན་ཡོད་ཀྱང། རྩ་བའི་གནས་སྟངས་ལ་འགྱུར་བ་ཆེར་ཕྱིན་མེད་པར་གནས་ཡོད།

དེར་ཞིབ་འཇུག་བྱས་སྐབས་རྩ་བའི་རྒྱུ་མཚན་གསུམ་འདུག་ལ།  དང་པོ། ཤེས་ཡོན་ཅན་གྱི་ཁྱིམ་ཚང་ཁྲོད་དུ་འཛམ་གླིང་སྤྱི་འགྲོས་ལྟར་ཕྲུ་གུ་སྐྱེས་ཚད་དམའ་རུ་ཕྱིན་པ་དང་། གཉིས་པ། དཔལ་འབྱོར་མཁོ་བབ་བཟང་དུ་སོང་བས་ཁྱིམ་ཚང་མང་པོས་ཕྲུ་གུ་རྒྱ་གར་སྒེར་སློབ་སོགས་སུ་བཏང་བ། གསུམ་པ། བོད་མི་མང་པོ་ནུབ་ཕྱོགས་སུ་ཕྱི་སྐྱོད་གནས་བབ་འཕར་བཞིན་ཡོད་པ་སོགས་ཡིན་པ་དང། རྒྱུ་མཚན་དང་པོ་དང་གསུམ་པ་གཉིས་འགོག་ཐབས་དཀའ་ཡང། དོན་ཚན་གཉིས་པ་འགོག་ཐབས་བཟང་ཤོས་ནི། རང་རེའི་སློབ་གྲྭ་ཁག་གི་ཕྱི་ནང་གི་མཐུན་རྐྱེན་དང་སློབ་སྦྱོང་གི་སྤུས་ཚད་བཟང་དུ་གཏོང་རྒྱུ་དེ་ཡིན། དེ་བཞིན། ༡༩༦༣ ལོར་བོད་ཀྱི་རྩ་ཁྲིམས་རིན་པོ་ཆེའི་ནང་རང་ལོ་ ༡༤ བར་རིན་མེད་ཐོག་སློབ་སྦྱོང་གོ་སྐབས་སྤྲོད་རྒྱུ་དང།  ༡༩༩༡ ལོར་བཙན་བྱོལ་བོད་མིའི་བཅའ་ཁྲིམས་རིན་པོ་ཆེའི་ནང་སློབ་ལོ་སོན་པའི་སློབ་ཕྲུག་ཚང་མར་སློབ་སྦྱོང་གི་གོ་སྐབས་སྤྲོད་དགོས་ཟེར་བ་རྣམས་ཕྱག་ལེན་གང་ཡོད་འཁེལ་བཞིན་ཡོད་མོད། ༢༠༠༤ ལོར་བཙན་བྱོལ་བོད་མིའི་གཞི་རིམ་ཤེས་ཡོན་སྲིད་བྱུས་གཏན་འབེབས་བྱུང་བའི་ནང་གཞི་རིམ་འཛིན་གྲྭ་  ༡༢ བར་སློབ་ཕྲུག་ཚང་མར་རང་གི་ཁྱིམ་ཚང་དུ་སློབ་ཡོན་འབུལ་མི་དགོས་པར་སློབ་སྦྱོང་གི་གོ་སྐབས་སྤྲོད་དགོས་གསལ་ཡོད་པ་དེ་སློབ་གྲྭའི་འཛིན་སྐྱོང་སྡེ་ཚན་སོ་སོ་ནས་ཕྱག་ལེན་འཁེལ་ཐབས་གནང་དགོས་སྐོར་ལམ་སྟོན་གནང་བ་ལྟར། སློབ་གྲྭ་ཕལ་མོ་ཆེར་ལག་བསྟར་གནང་མུས་ཡིན། ཅེས་དང་། དེ་བཞིན་མ་འོངས་པར་བལ་ཡུལ་དང་རྒྱ་གར་བྱང་རྒྱུད་ཁུལ་དུ་སློབ་མའི་མདུན་ལམ་སློབ་སྟོན་ཡན་ལག་ཚན་པ་གསར་འཛུགས་གནང་འཆར་ཡོད་ཚུལ་གསུངས་སོང་ལ།  དགེ་རྒན་གསོ་སྐྱོང་དང་སྦྱོང་བརྡར་ལས་རིམ། སློབ་དེབ་རྩོམ་བསྒྱུར་སོགས་ཕྱོགས་ཡོངས་ནས་ལས་འཆར་གསར་བ་གང་མང་ཞིག་གཏན་འབེབས་དང་ལག་ལེན་འཁེལ་བཞིན་ཡོད་པར་མ་ཟད། ༢༠༡༡ ལོའི་བར་ཤེས་རིག་ལས་ཁུངས་ནས་བརྡ་ཆད་ཐ་སྙད་ ༢༥༠༠༠ ལྷག་གཏན་འབེབས་བྱ་འཆར་ཡོད་ཚུལ་དང་། དེ་བཞིན་ཁོང་གིས། ཚན་རིག་དང་ཨང་རྩིས་སོགས་ཀྱི་སློབ་སྦྱོང་ལ་ཞུགས་མཁན་དང་དོ་སྣང་བྱེད་མཁན་མང་པོ་མེད་པ་དེ་སློབ་མའི་ཀླད་པར་སྐྱོན་ཞུགས་པ་མ་ཡིན་པར། གཞི་རིམ་འོག་མའི་སྐབས་ནས་སློབ་ཚན་སྤྱིའི་སློབ་ཁྲིད་བྱེད་སྟངས་ལ་སྐྱོན་བྱུང་ཡོད་པ་ར་སྤྲོད་བྱུང་བས། གཞི་རིམ་སློབ་གྲྭའི་ལམ་ལུགས་ཁག་ཅིག་ལ་ལེགས་བཅོས་དགོས་པའི་དགོས་འདུན་དང་འབོད་སྐུལ་ཞུ་བཞིན་ཡོད་ཅེས་གསུངས་བྱུང་།

བོད་མི་མང་སྤྱི་འཐུས་ཚོགས་གཙོ་སྤེན་པ་ཚེ་རིང་མཆོག་གིས་གསུངས་དོན།  སྐབས་བཅུ་གཉིས་པའི་བཀའ་ཤག་སྐབས་ཤེས་ཡོན་སྲིད་བྱུས་གསར་པ་གཏན་འབེབས་གནང་སྟེ་དཔེ་སྟོན་སློབ་གྲྭར་ལག་བསྟར་གྱིས་མི་ལོ་བཞི་ལྷག་འགྲོ་བཞིན་ཡོད་པ་དང་། གནས་སྟངས་དང་ཆ་རྐྱེན་ལ་བརྟེན་ནས་སློབ་གྲྭ་གཞན་ཁག་ཏུ་ལག་བསྟར་བྱེད་ཀྱིན་པ་སྔར་མུས་སུ་གྱུར་ཡོད། དེ་བཞིན། བོད་ཀྱི་སྐད་ཡིག་དང་རིག་གཞུང་སློབ་གཉེར་གྱི་བསྟི་གནས་ཝར་ན་མཐོ་སློབ་དང་སཱ་ར་མཐོ་སློབ། ནོར་གླིང་མཐོ་སློབ། དབུས་སྨན་རྩིས་མཐོ་སློབ་བཅས་དང་། བོད་པ་དང་ཧི་མ་ལ་ཡའི་རི་བརྒྱུད་དང་བོད་རིགས་མ་ཡིན་པ་གཞན་ཁག་ཅིག་ལ་གོ་སྐབས་བསྐྲུན་བཞིན་ཡོད་པ་དང། བཙན་བྱོལ་དུ་ཡོད་པའི་དགོན་སྡེ་ཆ་ཚང་དུ་བོད་བརྒྱུད་ནང་བསྟན་དང་སྐད་ཡིག་གཞན་བཅས་ཚད་དང་ལྡན་པའི་སློབ་སྦྱོང་གནང་རྒྱུའི་གོ་སྐབས་ཡོད་ཁར། ལག་བསྟར་ཐུབ་ཚེ་གོ་སྐབས་འཕར་མ་རག་ཐུབ་པ་དང་། དེང་རབས་ཤེས་ཡོན་ཐོག་ད་ལྟ་སྒྲོམ་གཞི་ཡོད་པའི་ནང་གནས་ཡུལ་རྒྱལ་ཁབ་ཀྱི་ཤེས་ཡོན་དང་འབྲེལ་བའི་སྲིད་བྱུས་ཁག་ལ་ཐུགས་སྣང་ཐོག་དགེ་རྒན་གྱི་སྤུས་ཚད་ཡག་ཏུ་གཏོང་རྒྱུ་དང་མཐུན་རྐྱེན་བཟང་དུ་གཏོང་རྒྱུ། འཛིན་རིམ་བཅུ་བ་དང་བཅུ་གཉིས་པའི་སློབ་མ་ཚུད་པའི་ཡིག་རྒྱུགས་ཆེན་མོའི་སློབ་མ་རྣམས་ལ་དམིགས་བསལ་སྦྱོང་བརྡར་སྤྲོད་རྒྱུ་གལ་ཆེར་མཐོང་ལ། ལྷག་པར་དུ་ཉམས་ཞིབ་པ་དང་ཆེད་ལས་པ། རིགས་གཅིག་རྐང་འཛིན་བྱ་འདོད་ཡོད་རིགས་རྣམས་ལ་ནང་མིའི་དཔལ་འབྱོར་གནས་སྟངས་ལ་གཞིགས་ཏེ། དཔལ་འབྱོར་གྱི་མཐུན་རྐྱེན་ཆ་ཚང་སྤྲོད་རྒྱུ་དང་ཁེ་ལས་མན་གྱི་མཐུན་རྐྱེན་ངེས་པར་སྤྲོད་དགོས་པར་མཐོང་།  སློབ་ཕྲུག་གི་ཀུན་སྤྱོད་ཐོག་སློབ་ཕྲུག་རང་ཉིད་དང་ཕ་མ། དགེ་རྒན། སློབ་གྲྭའི་འཛིན་སྐྱོང་བཅས་ཚང་མས་ཐུགས་འགན་བཞེས་དགོས་པ་དང་།  ཐེངས་འདིར་སྔོན་མའི་སྒྲིག་གཞིའི་གཏན་འབེབས་ཐོག་གོ་བསྡུར་གཏིང་ཟབ་གནང་སྟེ། ༧གོང་ས་མཆོག་གི་དགོངས་གཞི་དང་སྤྱི་ཚོགས་ཀྱི་དགོས་མཁོ་སྒྲུབ་ཐུབ་པའི་རེ་བ་ཡོད་ཅེས་གསུང་བྱུང།

ཐེངས་འདིའི་ཚོགས་ཆེན་སྟེང་རྒྱ་བལ་འབྲུག་གསུམ་གྱི་བཙན་བྱོལ་བོད་མིའི་བོད་སློབ་འཛིན་ཚོགས་ཀྱི་སློབ་གྲྭ་ ༢༨ ཀྱི་སྐུ་ཚབ་ ༦༧ གདན་ཞུ་གནང་ཡོད་པའི་ཁྲོད་ནས་ ༦༠ ཚོགས་བཅར་དང་། བོད་ཕྲུག་ཁྱིམ་སྡེའི་སློབ་ཁག་ ༡༨ ནས་གདན་ཞུ་ ༧༢ དང་ཚོགས་བཅར་བ་ ༦༩ ཚོགས་བཅར་གནང་ཡོད། མཱ་སུ་རི་བོད་ཁྱིམ་སློབ་གྲྭ་ཁག་གཉིས་ནས་གདན་ཞུ་ ༢༢ གནང་བ་ཆ་ཚང་ཚོགས་བཅར་གནང་ཡོད། བལ་ཡུལ་སློབ་གྲྭ་ཁག་ ༡༣ ནས་གདན་ཞུ་ ༣༤ དང་ཚོགས་བཅར་ ༣༣ ཚོགས་བཅར་གནང། སམ་བྷོ་ཊ་སློབ་གྲྭ་ཁག་ ༡༣ ནས་གདན་ཞུ་ ༣༦ ཆ་ཚང་ཚོགས་བཅར་གནང་། མཐོ་སློབ་ཁག་གསུམ་ནས་གདན་ཞུ་ལྔ་ཆ་ཚང་ཚོགས་བཅར་ཞུས་ཡོད། དགོན་པ་དང་སྒེར་སློབ་ཁག་ནས་གདན་ཞུ་ ༡༠ གནང་བ་ཆ་ཚང་ཚོགས་བཅར་ཞུས་ཡོད། ཤེས་རབ་དགའ་ཚལ་སློབ་གླིང་ནས་གདན་ཞུ་ ༤ ལས་ ༣ ཚོགས་བཅར་ཞུས་ཡོད། ཁྱོན་སློབ་གྲྭ་ཁག་ ༨༥ ནས་གདན་ཞུ་ ༢༥༠ དང་ཚོགས་བཅར་བ་ ༢༣༨ ཚོགས་བཅར་གནང་ཡོད་ལ། དེའི་ཐོག་ཤེས་རིག་མདུན་ལམ་སློབ་སྟོན་པ་ ༢ དང་ཤེས་རིག་འགན་འཛིན་བཅས་ཁྱོན་བསྡོམས་ཚོགས་བཅར་བ་ ༢༤༡ ལྷག་ཚོགས་བཅར་གནང་སྟེ། འདས་པའི་མི་ལོ་ལྔ་བཅུའི་ཤེས་ཡོན་འཐུས་ཤོར་གྱི་གནད་དོན་དང་འབྲེལ་བའི་ཐོག་བགྲོ་གླེང་གོ་བསྡུར་གནང་གི་ཡོད་པ་རེད།

བསྐྱར་བཅོས།: ༢༠༡༤/༠༣/༢༦

Leave a Reply

9 thoughts on “སློབ་མའི་ཀླད་པར་སྐྱོན་ཞུགས་པ་མ་རེད།

  1. ཨ་རིག་འགྱུར་མེད་ལགས། ངོ་མ་དེ་འདྲའི་གྲུབ་འབྲས་ཡག་པོ་བྱུང་སྲིད་ཀྱི་མ་རེད། ང་ཡང་སློབ་གྲྭ་དེ་དང་སྦེལ་ཀོབ་གཞིས་ཆགས་ཀྱི་མི་རྣམས་རྒྱུས་ཡོད། གང་ལྟར་ཁོང་ཚོས་ཕྱི་རུ་མཛེས་པ་ལྟ་བུ་ལས། ནང་སྟོང་པ་ཡིན་པ་ཉག་གཅིག་ཡིན།

    དེ་ལ་རང་གཞུང་ཤེས་རིག་ལས་ཁུངས་ནས་བརྩད་གཅོད་དང་ཞིབ་འཇུག་ཡང་དག་ཤིག་བྱེད་དགོས་པ་ཤིན་ཏུ་ནས་གལ་ཆེ། དེང་གི་ཆར་ང་རང་ཚོའི་བཙན་བྱོལ་སྤྱི་ཚོགས་ཆུང་ཆུང་དེའི་ནང་གི་སློབ་གྲྭ་རྣམས་ཀྱང། རྒྱ་གར་གྱི་སློབ་གྲྭ་ནང་བཞིན་ལྐོག་ཟ་བྱེད་ནས་ཡིག་རྒྱུགས་ཀྱི་གྲུབ་འབྲས་ལ་བཅོས་ཀྱི་ཡོད་པ་ཉིན་རེ་ནས་ཉིན་རེ་བཞིན་ཇེ་མང་དུ་འགྲོ་བཞིན་ཡོད་ལ། ལྷག་པར་རང་ཉིད་ཀྱི་ཕྲུ་གུ་དང་སྤུན་མཆེད་ཀྱི་ཕྲུ་གུ དེ་བཞིན་ངོ་ཤེས་རྣམས་ཀྱི་ཕྲུ་གུ་ལ་བརྒྱ་ཆ་གུ་ཡངས་བྱེད་མཁན་ཡོད་པ་ཐོས་ཀྱི་འདུག་

    ངོ་མ་ནང་པ་སངས་རྒྱས་པའི་རྗེས་འཇུག་གམ་ནང་ཆོས་བྱེད་མཁན་ཡིན་ཟེར་བ་ཙམ་ལས་། དོན་དངོས་ཀྱི་ལས་རྒྱུ་འབྲས་རྩིས་ནས་བྱ་བ་སྒྲུབ་མཁན་དཀོན་དུ་འགྲོ་བཞིན་མཆིས། དེར་བརྟེན་ཕ་མ་རྣམས་རང་ཉིད་ཀྱི་བུ་ཕྲུག་རྣམས་ལ་ངོ་མ་བརྩེ་བ་རྣམ་དག་ཤིག་ཡོད་ན། ལས་རྒྱུ་འབྲས་དཔང་བཙུགས་ཀྱི་ཐོག་ནས་སློབ་སྦྱོང་བྱེད་དུ་བཅུག་དགོས་པ་ལས། རང་ཉིད་ཀྱི་རྒྱུ་ནོར་བེད་སྤྱོད་གཏང་ནས་ཇི་ཙམ་གྱི་བར་དུ་སློབ་སྦྱོང་སྤྲོད་ཀྱི་ཡིན་ནམ།