ང་ཕོད་ཞུགས་འབུལ་བྱས་འདུག

ང་ཕོད་ཀྱི་བུ་མོས་རང་གི་ཕའི་མི་ཚེ་ལ་ཕངས་སེམས་སྐྱེ་དགོས་དོན་ཅི་ཡང་མེད་ཅེས་བརྗོད་ཡོད་འདུག

ཁ་སང་སྟེ་ཕྱི་ཚེས་ ༢༨ ཉིན། ང་ཕོད་ངག་དབང་འཇིགས་མེད་མཆོག་གི་སྐུ་ཕུང་པེ་ཅིང་ནོར་བརྒྱད་རི་བོའི་གསར་བརྗེའི་སྤྱི་བའི་བང་སོར་ཞུགས་འབུལ་ཞུས་ཡོད་པ་དང་། སྐབས་དེར་རྒྱ་ནག་གི་སྲིད་འཛིན་ཧུའུ་ཅིན་ཐའོ་དང་ཅང་ཙེ་མིན། ཝུའུ་པང་ཀོ ཝུན་ཅཱ་པའོ། ཅ་ཆིང་ལིན། ལི་ཁྲང་ཁྲུན། ཞི་ཅིན་ཕེང་། ཧོ་ཀུའི་ཆང་། ཀྲུའུ་ཡུང་ཁང་སོགས་ནོར་བརྒྱད་རི་བོར་ཡོང་ཡོད་པར་མ་ཟད། མགོ་ཁྲིད་འདི་དག་གིས་དཔུང་རྟགས་ནག་པོ་བཏགས་ཏེ་ཁོང་ལ་མྱ་ངན་ཞུས་པ་དང་ཁོང་གི་སྐུ་མཆེད་རྣམས་ལ་འཚམས་འདྲི་གནང་ཡོད་འདུག

ང་ཕོད་ངག་དབང་འཇིགས་མེད་མཆོག་སྐུ་གྲོངས་རྗེས་རྒྱ་གཞུང་གིས། རླབས་ཆེན་གྱི་རྒྱལ་གཅེས་རིང་ལུགས་པ་དང་། སྤྱི་ཚོགས་ཀྱི་མཛད་སྒོ་གནང་མཁན་གྲགས་ཅན། བོད་རིགས་མི་དམངས་ཀྱི་བུ་ཕུལ་བྱུང་། རང་རྒྱལ་མི་རིགས་ལས་དོན་གྱི་ཁྱད་དུ་འཕགས་པའི་འགོ་ཁྲིད་པ། ཀྲུང་གོ་གུང་ཁྲན་ཏང་གི་མཛའ་མཐུན་གྲོགས་པོ་ཞིག་མེད་པར་གྱུར་སོང་ཞེས་བརྗོད་ཀྱིན་ཡོད་ལ། ཁོང་གི་བུ་མོ་ཡིན་པར་མ་ཟད་ཁོང་གི་དྲུང་ཡིག་ཀྱང་ཡིན་པའི་བུ་མོ་ང་ཕོད་ཚེ་དབང་ལགས་ཀྱིས། རང་གི་ཕའི་མི་ཚེ་ལ་ཕངས་སེམས་སྐྱེ་དགོས་དོན་ཅི་ཡང་མེད་ཅེས་བརྗོད་ཡོད།

ཕྱི་ཚེས་ ༢༤ ཉིན་ཀྲུང་གོའི་སྐད་སྒྲའི་ ༼ གསར་འགྱུར་འཕྲེད་གཞུང་། ༽ འབོད་པས་ང་ཕོད་ཀྱི་བུ་མོར་བཅར་འདྲི་བྱས་སྐབས། གསར་འགོད་པས། ང་ཕོད་ངག་དབང་འཇིགས་མེད་ལགས་ནི་མི་རིགས་མཐུན་སྒྲིལ་དང་མེས་རྒྱལ་གཅིག་གྱུར་ཐད་ལ་མཛད་རྗེས་བླ་ན་མེད་པ་བཞག་མྱོང་བའི་རླབས་ཆེའི་ཕུལ་བྱུང་མི་སྣ་ཞིག་ཡིན་ཞིང་།  གོ་ཐོས་ལྟར་ན་ ༡༩༥༡ ལོར་ང་ཕོད་ངག་དབང་འཇིགས་མེད་པེ་ཅིང་དུ་ཕེབས་ནས་ཆིངས་ཡིག་དོན་ཚན་བཅུ་བདུན་པར་མིང་རྟགས་འགོད་སྐབས། ཁྱེད་ནི་ཁོང་གིས་འཁྲིད་འོང་པའི་བྱིས་པ་གཅིག་པུ་ཡིན་པས། སྐབས་ཐོག་དེར་ཁྱེད་རང་ལོ་ན་ག་ཚོད་ཡིན་ལགས། ཁྱེད་ཀྱིས་དེའི་ཕྱོགས་ཀྱི་གནས་ཚུལ་ཙམ་གླེང་ན་གང་འདྲ་འདུག་ཅེས་དྲིས་པའི་ལན་དུ་ཁོ་མོས། སྐབས་ཐོག་དེར་ང་རང་ལོ་ན་བཞི་ལྔ་ཙམ་ཡིན་ཞིང་། སྐབས་དེའི་གནས་ཚུལ་ད་ལྟ་དྲན་འཛིན་ཡུལ་དུ་ཅི་ཡང་མི་སྣང་། ད་ལྟ་དྲན་པ་ནི་ཡབ་ཡུམ་ཟུང་དང་ལྷན་དུ་པེ་ཅིང་ལ་ཡོང་བ་དེ་ཡིན། དེ་ནས་པེ་ཅིང་དུ་སློབ་གཉེར་བྱས་ཏེ་རིམ་གྱིས་དྲིན་ཆེན་ཕ་ལོ་ཁོང་ཉིད་ལོ་རྒྱུས་ཀྱི་དོན་རྐྱེན་གལ་ཆེན་ཞིག་གི་ནང་ཞུགས་མྱོང་པ་གཞི་ནས་རྟོགས་སོང་། དེ་ནི་པེ་ཅིང་དུ་བོད་ཞི་བའི་བཅིངས་འགྲོལ་གཏོང་བའི་ཆིངས་ཡིག་དོན་ཚན་བཅུ་བདུན་པར་མིང་རྟགས་འགོད་པར་ཞུགས་པ་དེ་རེད་ཅེས་བརྗོད་འདུག་ལ། མཇུག་མཐར་ཁོ་མོས་རང་གི་ཕའི་མི་ཚེ་ལ་ཕངས་སེམས་སྐྱེ་དགོས་དོན་ཅི་ཡང་མེད་ཅེས་བརྗོད་ཡོད་འདུག

བསྐྱར་བཅོས།: ༢༠༡༤/༠༣/༢༦

Leave a Reply

15 thoughts on “ང་ཕོད་ཞུགས་འབུལ་བྱས་འདུག

  1. ང་ཚོས་ཀྱང་ང་ཕོད་ལ་མྱ་ངན་ཞུ མང་པོ་བཤད་ནས་ག་རེ་བྱེད། བོད་གཞུང་གིས་ཡག་པོ་ཡོད་གསུངས་འདུག

  2. ང་ཕོད་ཀྱི་གྲོགས་པོ་ཚོས་མང་པོ་བཤད་སོང་ཏཱ། མི་ཤི་སོང་ནས་དེའི་སྐོར་མང་པོ་བཤད་བསྡད་ན་ང་ཚོར་ཕན་ཐོག་ཡོད་ས་མ་རེད། གྲོགས་པོ་ཁ་ཤས་ཀྱིས་ང་ཕོད་སྡུག་རབས་དང་ཁ་ཤས་ཀྱིས་བཟང་རབས་བཤད་སོང་ཡང་ང་ཚོར་གང་ཡང་མི་འདུག་ག། ཡིན་ན་ཡང་བོད་གཞུང་གིས་ཡག་པོ་ཡོད་གསུངས་འདུག། དེ་བཞིན་རྒྱ་ནག་གཞུང་གིས་ཡག་པོ་ཡོད་ཟེར་ཁྱབ་བསྒྲགས་བྱས་སོང་པར་བརྟེན་ངས་ནི་ང་ཕོད་ཟེར་བ་དེ་རྒྱ་བོད་གཉིས་ཀར་ཕན་ཐོག་ཡོད་མཁན་ཞིག་ཡིན་ས་རེད་བསམ་སོང་ཨ།
    ངས་དེས་སྔོན་ལ་ང་ཕོད་ཟེར་བ་ཞིག་གོ་བ་ཙམ་ལས་དེའི་སྐོར་ལ་དོ་སྣང་ཁོ་རང་བྱས་མེད། དེའི་སྐོར་གང་ཡང་ཤེས་གི་མེད། མ་ཤས་ན་མང་པོ་བཤད་ནས་ག་རེ་བྱེད།

  3. ༸ རྒྱལ་མཆོག་སྐུ་ཕྲེང་བཅུ་གསུམ་པ་ཆེན་པོས་བོད་དེ་གནའ་དེང་ཟུང་འབྲེལ་གྱི་རྒྱལ་ཁབ་གཅིག་ཏུ་བཅོས་བསྒྱུར་ལེགས་བཅོས་གནང་རྒྱུའི་ཐུགས་རེ་ཚད་མེད་ཅིག་གནང་བ་ལྟར་བོད་ཕྲུག་འགའ་ཤས་ཤིག་དབྱིན་ཇིར་ཚན་རིག་སོགས་དེང་རབས་ཀྱི་སློབ་སྦྱོང་བྱེད་པར་གཏོང་རྒྱུ་དང་དེ་ནས་བོད་དུ་སློབ་གྲྭ་གསར་འཛུགས་བྱེད་རྒྱུ་སོགས་བོད་འབངས་སྤྱིའི་གནས་སྟངས་ལ་ལེགས་བཅོས་གནང་རྒྱུའི་ཐུགས་རེ་ཆེན་པོ་མཛད་ཡོད།

    སྐབས་དེར་༸ རྒྱལ་བའི་བཀའ་དགོངས་ལ་ལྷག་བསམ་རྣམ་དག་གིས་སྲི་ཞུར་གཏོགས་པའི་བོད་སྡེ་པ་གཞུང་གི་རྩིས་པ་ལུང་ཤར་ལ་མ་ཉེས་ཁ་གཡོག་བྱས་ཏེ་སྤྱི་ཚོགས་ཁྲོད་དུ་ཁོང་གི་རྐུབ་ལ་རྭ་ཅོ་ཡོད་སྐད་བསྒྲགས་ཏེ་མཐར་པོ་ཏྭ་ལའི་བཙོན་ཁང་ནང་མིག་གཉིས་བཏོན་ནས་སྐུ་ཀྲོངས་ཡོད།

    བོད་ས་མ་ཤོར་གོང་དུ་མདོ་སྨད་ཀྱི་མཁས་དབང་ཆེན་པོ་དགེ་འདུན་ཆོས་འཕེལ་མཆོག་ལ་མ་ཉེས་ཁ་གཡོག་བྱས་ཏེ་ཁོང་ཉིད་དབྱིན་ཇིས་བཟུང་བའི་རྒྱ་གར་སྲིད་གཞུང་དང་། ཕྱི་རྒྱལ་བཙན་འཛུལ་རིང་ལུགས་ཀྱི་གསང་མྱུལ་བ་སོགས་ཡིན་རབས་བཤད་དེ་མཐར་ཤེས་རབ་ཅན་གྱི་རླབས་ཆེན་མི་སྣ་དེ་མུན་ནག་གི་བཙོན་དུ་བཅུག་ནས་མཐར་སྨྱོན་པ་བཟོས་ནས་སྐུ་གཤེགས་ཡོད།

    ཕྱི་ལོ་༡༩༤༩ ། ༡༠། ༠༡ ཉིན་རྒྱ་ནག་གི་རླབས་ཆེན་གཙོ་འཛིན་མའོ་ཙེ་ཏུང་གིས་རྒྱལ་ཁབ་དབུ་བརྙེས་པ་དང་སྦྲགས་བོད་ལ་བཅིངས་གྲོལ་གཏོང་རྒྱུའི་ཁྱབ་བསྒྲགས་བྱས་རྗེས་སུ་ལོ་རབས་ལྔ་བཅུའི་ནང་འབའ་པ་ཕུན་ཚོགས་དབང་རྒྱལ་མཆོག་གིས་བོད་ལ་བཅོས་བསྒྱུར་ལེགས་བཅོས་གཏོང་འདོད་ཀྱི་ཐད་ལ་སྐུ་ལས་ཚད་མེད་ཅིག་བསྐྱོན་ཡོད་ཀྱང་ཁོང་ལ་རྒྱ་མི་བོད་དུ་འཁྲིད་ཡོང་མཁན་གྱི་ཉེས་ཞྭ་གཡོག་ནས་རླབས་ཆེན་གྱི་བོད་རིགས་རྒྱལ་གཅེས་རིང་ལུགས་པ་དེ་ནག་པོར་བཟོ་བཞིན་ཡོད་པ་རེད།

    ཕྱི་ལོ་༡༩༥༩ ལོར་༸ རྒྱལ་བ་དང་པཎ་ཆེན་གཉིས་ཟློག་ཏུ་མེད་པའི་དྲག་ཆར་རླུང་རྩུབ་འཁྲོད་ཞལ་དགྱེས་ནས་༸ གོང་ས་སྐྱབས་མགོན་ཆེན་པོས་བཙན་བྱོལ་དུ་བོད་ཀྱི་ཆོས་དང་། སྲིད་དང་། དཔལ་འབྱོར། རིག་གཞུང་། དེང་རབས་ཀྱི་ཤེས་རིག ལྷག་ཏུ་འཛམ་གླིང་ས་ཡི་གོ་ལར་ཞི་བདེའི་དེད་དཔོན་གྱིས་ཁ་ལོ་བསྒྱུར། ཀུན་ཁྱབ་འགྲོ་བ་སེམས་ཅན་གྱི་བྱམས་བརྩེའི་རིནཐང་གོང་དུ་སྤེལ་གནང་མཛད། བོད་མི་རིགས་ཟེར་བ་འདི་ད་ཆ་འཛམ་གླིང་སྟེང་ངོ་གནོང་མི་དགོས་པའི་ཡ་རབས་དང་། བཟང་སྤྱོད། དྲང་བདེན། འཚེ་མེད། སྙིང་རྗེ་ཅན་གྱི་ཕུལ་བྱུང་གི་མི་རིགས་བཟང་པོ་ཞིག་ཏུ་མངོན་འགྱུར་མཛད་ཡོད་སྟབས་ ༸ རྒྱལ་བ་རིན་པོ་ཆེའི་བཀའ་དྲིན་ནི་ང་ཚོ་བོད་འབངས་ཡོངས་ཀྱིས་སྟོང་གསུམ་གསེར་གྱིས་བཀང་ཏེ་ཕུལ་ཡང་བཀའ་དྲིནགཞལ་དུ་མེད་ཀྱང་བསམ་སྤྱོད་ལས་འདས་པ་ཞིག་ལ་བོད་རིགས་བསོད་ནམས་དམན་པའི་སྐྱེ་བོ་ཉུང་ཤས་ཤིག་གིས་ཁོང་ལ་མཚན་སྨད་ཞུ་བཞིན་ཡོད།

    ལོ་རབས་ ༥༠ དང་ལོ་རབས་ ༦༠ ནང་བོད་ཀྱི་ལོ་རྒྱུས་ཁྲོད་བྱུང་མ་མྱོང་བའི་བཀྲེས་ལྟོག་དང་། ངལ་རྩོལ། བཙོན་འཇུག མནར་གཅོད། དམར་གསོད། རང་ཤི་བརྒྱབ་པ་སོགས་སྡུག་བསྔལ་ཚད་ལས་འདས་པ་ཞིག་མྱངས་དགོས་བྱུང་བ་དེ་ཐུགས་ལ་མ་གཟོད་པར་རང་ཉིད་བློས་བཏང་མཛད་དེ་༸ པཎཆེན་སྐུ་ཕྲེང་བཅུ་པ་མཆོག་གིས་ཡི་འབྲུ་ཁྲི་བདུན་གྱི་སྙན་ཞུ་སྲིད་བློན་ཀྲའོ་ཨེ་ལེན་བརྒྱུད་མའོ་ཙེ་ཏུང་ལ་ཕུལ་རྐྱེན་མཐར་ལོ་དགུ་ལྷག་ཙམ་བཙོན་དུ་བཅུག བཙན་གྲོལ་ཐོབ་རྗེས་སུ་ཆོལ་གསུམ་ཡོངས་ལ་ཞབས་ཀྱིས་བཅག་ཏེ་བོད་ཀྱི་ཆོས་ལུགས་དང་། རིག་གནས། སྐད་ཡིག སྤྱི་ཚོགས་སོགས་ཁྱོན་ཡོངས་ལ་བཀའ་དྲིན་གྱི་ཕུང་པོ་ལྷག་ཏུ་མེད་པ་ཞིག་ལེགས་སྐྱེས་སུ་ཕུལ་ཡང་ ༸ པཎ་ཆེན་མཆོག་ལ་རྒྱལ་ཁབ་བཙོང་མཁན་གྱི་མ་ཉེས་ཁ་གཡོག་བྱས་ཏེ་ཚོང་པ་རྒྱག་པ་ཞེས་མཚན་སྨད་ཚད་ལས་འདས་པ་ཞིག་བྱས་ཏེ་མཐར་ཐུགས་ཕམ་ཚད་མེད་ཅིག་གི་ངང་བསོད་བདེ་དམན་པའི་བོད་རིགས་དམངས་དང་གློ་བུར་དུ་བསྐལ་བས་དབེན་ཏེ་དགོངས་པ་རྫོགས་ཡོད།

    ཕྱི་ལོ་ ༡༩༥༩ སྔོན་ལ་བོད་སྡེ་པ་གཞུང་གི་ཞབས་སྡོད་པ། བཤེར་དཔང་། རྩིས་པ། ནང་བློན། ཆབ་མདོའི་མདོ་སྤྱི། གྲོས་མདུན་དོན་ཚན་ ༡༧ ལ་མིང་རྟགས་བཀོད་མཁན། བོད་ས་ཤོར་རྗེས་སུ་བོད་རང་ལྗོངས་གྲ་སྒྲིག་ཨུ་ཡོན་ལྷན་ཁང་། རྒྱལ་ཡོངས་མི་དམངས་འཐུས་ཚོགས་ཀྱི་སྐབས་མང་པོའི་རྒྱུན་ལས། ཆབ་སྲིད་གྲོས་ཚོགས་ཀྱི་མི་སྣ། ༸ པཎ་ཆེན་ཨི་ཏི་ཎི་ཆོས་ཀྱིས་རྒྱལ་མཚན་མཆོག་དང་ལྷན་བོད་ཀྱི་རིག་གནས་མཐུན་ཚོགས་ཚོགས་གཙོ། བོད་རྒྱལ་ཡོངས་གྲངས་ཉུང་མི་རིགས་ཀྱི་ཆོས་ལུགས་དང་། རིག་གཞུང་། སྐད་ཡིག ཚན་རྩལ། སྤྱི་ཚོགས། དཔལ་འབྱོར། ཞིང་འབྲོག་སོགས་ཕྱོགས་པོའི་ཐད་ལ་མཛད་ཇུས་དང་སྤྱི་ཚོགས་ཀྱི་བླང་བྱ་བཏོན་གནང་མཛད་མཁན་གྱི་བོད་རིགས་ཆབ་སྲིད་མཁས་དབང་ཅན། བོད་ཀྱི་ལོ་རྒྱུས་དཀྱོག་མཚམས་འཁྲོད་རླབས་ཆེན་གྱི་མི་སྣ་ཞིག་ལ་ད་ཆ་ང་ཚོས་མ་ཉེས་ཁ་གཡོག་བྱས་ཏེ་རྒྱལ་ཚོང་བ་ཞིག་དང་། ཐ་ན་ལྷ་དང་བླ་མས་ལུང་དུ་བསྟན་ནས་བདུད་བློན་ཞིག་ཡིན་པའི་སྒྲུབ་བྱེད་བཀོད་ནས་བོད་རིགས་རླབས་ཆེན་གྱི་མི་སྣ་ཆེན་པོ་དེ་ལོ་རྒྱུས་ཁྲོད་དུ་ནག་པོར་གཏོང་རྩིས་བྱེད་བཞིན་ཡོད།

    འདི་ལྟ་བུའི་གནས་ཚུལ་དག་ལ་བསམ་བློ་ཞིབ་ཏུ་བཏང་ཚེ་ངོ་མ་ང་ཚོ་བོད་རིགས་ཚོས་བོད་རིགས་འདི་མེད་པར་བཟོས་ཡོད་ལ་དུས་ད་ལྟའང་རང་རིགས་རང་གིས་མེད་པར་བཟོ་བཞིན་ཡོད་སྟབས་སེམས་སྐྱོ་དགོས་པ་ཞིག་མ་ཡིན་ནམ།