དཀར་མཛེས་ཁུལ་དར་མདོ་འབྲིང་རིམ་མི་དམངས་ཁྲིམས་ཁང་གིས་ཁྲིམས་གཅོད་ཀྱི་བཅད་ཁྲ་བཏང་འདུག་བཅས་ཁྲ་དེའི་ནང་རིན་པོ་ཆེ་ཁོང་མི་ལོ་ཧྲིལ་པོ་ ༨ དང་ཟླ་བ་ ༦ གི་བཙོན་འཇུག་ཐག་གཅོད་བྱས་འདུག
བོད་མི་མང་སྤྱི་འཐུས་ཆབ་སྲིད་སྡེ་ཚན་གྱི་བེ་རི་འཇིགས་མེད་དབང་རྒྱལ་གྱིས་འདི་གར་གནས་ཚུལ་མཁོ་སྤྲོད་གནང་བ་ལྟར་ན། ཉེ་ཆར་བོད་ནང་གི་འབྲེལ་ཡོད་མི་སྣས་བཤད་དོན། སྤང་རི་སྣ་རིན་པོ་ཆེ་མཆོག་ལ་ཟླ་འདིའི་ཚེས་ ༢༣ ཉིན་གྱི་ཞོགས་པ་ཆུ་ཚོད་ ༩ ཐོག་དཀར་མཛེས་ཁུལ་དར་མདོ་འབྲིང་རིམ་མི་དམངས་ཁྲིམས་ཁང་གིས་ཁྲིམས་གཅོད་ཀྱི་བཅད་ཁྲ་བཏང་འདུག་ལ། ཁོང་ལ་ཁྲིམས་ཐག་གཅོད་པའི་སྐབས་སུ་དེ་སྔོན་ཁོང་གིས་ཁྲིམས་རྩོད་པ་གཉིས་གླས་མྱོང་བ་དེ་གཉིས་ཁྲིམས་རའི་ནང་ཡོང་བཅུག་མི་འདུག་ལ། ཁྲིམས་རའི་ནང་ཕྱོགས་གཅིག་གིས་མ་གཏོགས་སྐད་ཆ་བཤད་པ་གཏན་ནས་མེད་པ་དང༌། ཕྱོགས་གཅིག་པོ་དེས་གང་བཤད་པ་ལྟར་ཐག་གཅོད་བྱེད་རྐྱང་ལས། ཀྲུང་ཧྭ་མི་དམང་སྤྱི་མཐུན་རྒྱལ་ཁབ་ཀྱི་ཉེས་དོན་གཏུགས་བཤེར་བཅའ་ཁྲིམས་དོན་ཚན་ ༣༢ པའི་ནང༌། ཉེས་ཅན་པ་དང༌། གྱོད་ཡ་རང་ཉིད་ཀྱིས་རང་ལ་དག་འབུད་བྱེད་པའི་ཐོབ་ཐང་ཡོད་པར་མ་ཟད། མི་གཅིག་གི་གྱོད་དོན་མི་གཉིས་ཀྱིས་དག་འབུད་བྱེད་རྒྱུར་མངགས་བཅོལ་ཡང་བྱས་ཆོག་ཅེས་པ་དང་ཡོངས་སུ་འགལ་བའི་ཁྲོམས་གཅོད་བྱས་འདུག ཁྲིམས་རའི་ནང་ཐག་གཅོད་སྐབས་ནང་མི་ལྔ་ཙམ་ཡོང་བཅུག་ཡོད་ནའང་ཕན་ཚུན་ཐུག་འཕྲད་དང་སྐད་ཆ་གང་ཡང་བཤད་རྒྱུ་བྱུང་མི་འདུག
ལོ་གཅིག་ལྷག་གི་རིང་ཐག་གཅོད་གང་ཡང་མེད་པར་རྡུང་རྡེག་མནར་གཅོད་ཁོ་ནས་སྡུག་སྦྱོང་བཏང་སྟབས་སྐུ་གཟུགས་ཤིན་ཏུ་སྐྱོ་བས། ནང་མི་ཚོའི་སེམས་པར་རྨ་ཁ་བཟོ་བྱེད་ཙམ་ལས་དོན་སྙིང་གང་ཡང་བྱུང་མི་འདུག རྒྱུན་ལྡན་ཁོང་ལ་དད་པ་དང་དོ་སྣང་ཞུ་མཁན་རྒྱ་ཆེ་མང་ཚོགས་ཁྲི་སྟོང་བརྒལ་བ་ཡོད་པའི་ནང་ནས་ཁྲིམས་རའི་ནང་ཞུགས་འདོད་ཡོད་མཁན་ཤིན་ཏུ་མང་པོ་ཡོད་ནའང༌། དེ་རིགས་རྐང་གཅིག་ཀྱང་བཏང་མི་འདུག་ཟེར།
ཁོང་འཇུ་བཟུང་བྱེད་དུས་ནི་ ༢༠༠༨ ཟླ་ ༥ ཚེས་ ༤ ཉིན་ཡིན་ལ། ཁོང་ལ་འགྲེལ་བཤད་ཅི་ཡང་མེད་པར་གཟིམ་ཆུང་ནས་འཇུས་པ་ནས་བཟུང་ཟླ་བ་མང་པོའི་རིང་གར་ཡོད་ནང་མི་སུས་ཀྱང་ཤེས་མེད། ཟླ་བ་མང་པོ་ཕྱིན་རྗེས་ཤིག་ལ་གཞི་ནས་ཁོང་ཉིད་དར་མདོར་ཡོད་པར་ཤེས་གསལ་བྱུང་འདུག དངོས་གནས་བྱས་ན། ཀྲུང་ཧྭ་མི་དམང་སྤྱི་འཐུས་རྒྱལ་ཁབ་ཀྱི་ཉེས་དོན་གཏུགས་གཤེར་བཅའ་ཁྲིམས་དོན་ཚན་ ༦༤ པའི་ནང༌། སྤྱི་བདེ་ཚན་པས་བཀག་ཉར་བྱེད་སྐབས་ངེས་པར་དུ་བཀག་ཉར་ལག་འཁྱེར་སྟོན་དགོས་པ་དང༌། བཀག་ཉར་བྱེད་པའི་དོན་སྐྱོན་དང༌། བཀག་སྐྱིལ་བྱེད་ཡུལ་ས་ཆ་བཅས་ཆུ་ཚོད་ཉེར་བཞིའི་ནང་ཚུད་དུ་བཀག་ཉར་བྱེད་རྒྱུའི་ནང་མིའམ་གནས་སྡོད་བྱེད་ཡུལ་ཚན་པར་བརྡ་ཐོ་གཏོང་དགོས་ཞེས་གསལ་ཡང་། དེ་དང་ཡོངས་སུ་འགལ་ཡོད་པ་རེད།
ཁོང་བཙན་འཇུག་གི་ནག་ཉེས་ར་འཕྲོད་ད་བར་གཅིག་ཀྱང་བྱུང་མེད་ལ། ཕན་ཚུན་ར་འཕྲོད་ཆེད་ཁྲིམས་རའི་ནང་འདྲ་མཉམ་གྱིས་སྐད་ཆ་བཤད་ས་ཐེངས་གཅིག་ཀྱང་རག་མྱོང་མི་འདུག མི་ལོ་ ༨ དང་ཟླ་བ་ ༦ ནི་མི་ཞིག་གི་མི་ཚེའི་ནང་དུས་ཚོད་ཐུང་ཐུང་ཞིག་རྩ་བ་ནས་མིན་ལ། ལྷག་དོན་རིན་པོ་ཆེ་ཁོང་ལ་མཚོན་ན། ཁོང་གིས་འཛིན་སྐྱོང་གནང་བཞིན་པའི་ཤུལ་ལུས་རྒན་གསོ་ཁང་གི་རྒན་ཁོག་བཅུ་གྲངས་ཡོད་པ་དེ་ཚོ་ལ་སུས་ལྟ་རྟོགས་བྱེད་དགོས་པ་དང༌། སྤང་རི་སྣ་བཙུན་དགོན་གྱི་བཙུན་མ་བརྒྱ་ལྷག་ཡོད་པ་དེ་དག་གི་འཛིན་སྐྱོང་སུ་ཞིག་གིས་བྱེད་དགོས། ད་དུང་ཁོང་གི་སྨན་ཁང་ལ་རྒྱ་ཆེ་མང་ཚོགས་ཀྱི་དགའ་བསུ་ཐོབ་པ་ཤ་སྟག་ཡིན་པས་དེ་དག་གིས་འགན་སུས་ཁུར་དགོས་སམ། ང་ཚོ་དེ་བས་ཀྱང་ཞེད་སྣང་ཆེ་ཤོས་དེ། དེ་སྔོན་པཎ་ཆེན་རིན་པོ་ཆེ་སྐུ་ཕྲེང་ ༡༠ པ་དང་གུང་ཐང་རིན་པོ་ཆེ། མཁན་ཆེན་འཇིགས་མེད་ཕུན་ཚོགས། དགེ་བཤེས་བསོད་ནམས་ཕུན་ཚོགས་བཅས་མང་ཚོགས་ཀྱིས་དད་པ་དང་དོ་སྣང་ཆེས་ཆེར་གནང་སའི་བླ་སྤྲུལ་ཁག་ཅིག་རྒྱུ་མཚན་གསལ་པོ་མེད་པར་གློ་བུར་འདས་གྲོངས་སོང་བའི་གནས་ཚུལ་ཐབས་སྐྱོ་བོ་དེ་རིགས་དང་འདྲ་བ་ཞིག་མི་ཡོང་བའི་ངེས་པ་མི་འདུག་ཅེས་གནས་ཚུལ་མཁོ་སྤྲོད་པས་བརྗོད་ཡོད་པ་རེད།