རྒྱ་གར་བྱང་ཕྱོགས་སུ་གནམ་གཤིས་ཧ་ཅང་ཇེ་འཁྱགས་སུ་སོང་སྟབས་མི་ ༡༠༠ འཁྱགས་ཤིར་ཐེབས་ཡོད་འདུག
ཚེས་ ༡༢ ཉིན་བྷེ་བྷེ་སི་གསར་ཁང་གིས་གནས་ཚུལ་སྤེལ་བ་ལྟར་ན། རྒྱ་གར་བྱང་ཕྱོགས་སུ་གནམ་གཤིས་ཇེ་འཁྱགས་སུ་སོང་སྟེ་གནམ་གཤིས་ཀྱི་ཚ་དྲོད་ཀླད་ཀོར་འོག་གི་རིམ་པ་ཁ་ཤས་སུ་སླེབས་སྟབས། རྒྱ་གར་བྱང་ཕྱོགས་སུ་སྡོད་གནས་མེད་པ་དང་ཁྱིམ་ཚང་སྐྱོ་བའི་མི་སེར་དཀྱུས་མ་ ༡༠༠ ལྷག་ཉེ་ཆར་འཁྱགས་ཤིར་ཐེབས་ཡོད་འདུག་ལ། གསར་འགོད་པས་བརྗོད་ན་རྒྱ་གར་བ་དེ་དག་ལ་གྲང་ངར་ཆེ་བའི་གནམ་གཤིས་འདི་ལ་གདོང་ལེན་བྱེད་པའི་ཉེར་མཁོའི་ཁྱིམ་ཆས་སོགས་མི་འདུག་ཅེས་བརྗོད་ཡོད་འདུག དགུན་འཁྱག་གི་གནམ་གཤིས་དེས་ཨེ་ཤ་ཡ་དང་ཡུ་རོབ། ཨ་རི་སོགས་ལའང་གནོད་པ་ཚབས་ཆེན་བཏང་ཡོད་ཚུལ་འདུག