དྲ་གསུམ་མཉམ་འབྲེལ།

 

རྒྱ་ནག་གིས་དྲ་གསུམ་མཉམ་འབྲེལ་བྱས་ཏེ་བརྡ་འཕྲིན་དང་རིག་གནས་ཐོན་ལས་ཀྱི་འཕེལ་རྒྱས་ལ་ཡར་སྐུལ་བྱེད་པ་དང་།  རྒྱལ་དམངས་དཔལ་འབྱོར་དང་སྤྱི་ཚོགས་བརྡ་འཕྲིན་གྱི་ཆུ་ཚད་ཇེ་མཐོར་གཏོང་བ།  ཉིན་རེ་བཞིན་སྣ་མང་ཅན་དུ་འགྱུར་བཞིན་པའི་མང་ཚོགས་ཀྱི་ཐོན་སྐྱེད་དང་འཚོ་བའི་ཞབས་ཞུའི་དགོས་མཁོ་བསྐོང་རྒྱུ་ཡིན་ཟེར།

ལོ་མགོ་འདིར་རྒྱ་ནག་གིས་བརྡ་འཕྲིན་བརྒྱུད་ལམ་ཁག་ལ་དམ་དྲག་བྱེད་ཤུགས་སྔར་བས་ཆེ་རུ་ཕྱིན་ཡོད་ལ། ཧི་གཟུགས་ཟིན་བྲིས་དང་བོད་ཀྱི་སྐད་ཡིག གངས་གཞོན་གླེང་སྟེགས། མཆོད་མེ་པོད་ཁུག་སོགས་བོད་ཡིག་ཐོག་ཡོད་པའི་དྲ་ལམ་ཁག་ཅིག་ཀྱང་བཀག་སྡོམ་བྱས་འདུག དྲ་ལམ་དེ་དག་ནི་བོད་ཕྱི་ནང་གཉིས་ཀར་དར་ཁྱབ་ཆེ་ཞིང་ཀློག་མཁན་ཚོས་ཆེས་དགའ་མོས་བྱེད་ཀྱིན་པའི་དྲ་ལམ་ཁག་ཅིག་ཡིན་པར་མ་ཟད། བོད་ཕྱི་ནང་གི་འབྲེལ་ལམ་བཟང་ཤོས་ཀྱང་ཆགས་ཡོད། དེ་བཞིན་ཉིན་འདི་འགར་རྒྱལ་སྤྱིའི་གསར་ལམ་ཁག་ཏུ་རྒྱ་ནག་གཞུང་གིས་བརྡ་འཕྲིན་བརྒྱུད་ལམ་ཁག་ལ་སྟངས་འཛིན་དང་སྔོག་བཤེར། གསང་ཉུལ། ལྟ་རྟོག་འཕྲུལ་ཆས་རིགས་འཛུགས་ཀྱིན་ཡོད་པས། རྒྱ་ཡིག་གི་གྷོ་གྷིལ་འཚོལ་བཤེར་དྲ་ཚིགས་མཚམས་འཇོག་བྱ་སྲིད་པའི་ཉེན་བརྡ་བཏང་ཡོད་སྐོར་གྱི་གནས་ཚུལ་བསླེབས་ཡོད་ལ།  དེ་ནི་རྒྱ་ནག་གཞུང་ཕྱོགས་ནས་སྤྱི་འབངས་ཀྱི་བརྡ་འཕྲིན་བེད་སྤྱོད་ཀྱི་རང་དབང་ལ་གཏོར་སྐྱོན་བཏང་བ་ཙམ་མ་ཟད། གྷོ་གྷིལ་དང་དྲ་འབྲེལ་བརྒྱུད་ལམ་ཁག་ནས་ནག་ཉེས་བསགས་པའི་མ་ཉེས་ཁག་གཡོག་བྱས་ཏེ། དྲ་དམངས་ཚོར་རྡུང་རྡེག་ཕོག་གིན་ཡོད་པས་ཡིན་འདུག

འོན་ཀྱང་། རྒྱ་ནག་གིས་མུ་མཐུད་བརྡ་འཕྲིན་བརྒྱུད་ལམ་ཁག་ལ་སྟངས་འཛིན་དང་དམ་དྲག་བྱེད་ཀྱིན་པར་མ་ཟད། ཕྱི་ཚེས་ ༡༤ ཉིན་ཀྲུང་གོའི་བོད་ལྗོངས་ཆ་འཕྲིན་ལྟེ་གནས་ཀྱིས་གནས་ཚུལ་སྤེལ་བ་ལྟར་ན། ཚེས་ ༡༣ ཉིན་སྲིད་བློན་ཝུན་ཅ་པའོ་ཡིས་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་རྒྱུན་ལས་གྲོས་ཚོགས་བསྡུས་ཏེ། གློག་འཕྲིན་དྲ་བ་དང་རྒྱང་སྒྲོག་བརྙན་འཕྲིན་དྲ་བ། མཉམ་འབྲེལ་དྲ་བ་བཅས་དྲ་གསུམ་མཉམ་སྤེལ་བྱ་རྒྱུའི་ཐག་གཅོད་བྱུང་ཡོད་སྐོར་གནས་ཚུལ་སྤེལ་ཡོད། 

ཁོས་གློག་འཕྲིན་དྲ་བ་དང་རྒྱང་སྒྲོག་བརྙན་འཕྲིན་དྲ་བ།  མཉམ་འབྲེལ་དྲ་བ་བཅས་མཉམ་སྦྲེལ་འཕེལ་རྒྱས་ལ་སྐུལ་འདེད་བཏང་ནས་དྲ་གསུམ་མཉམ་འབྲེལ་བྱེད་པ་དང་།  ཐོན་ཁུངས་མཉམ་སྤྱོད་བྱེད་པ།  འཛད་སྤྱོད་པར་སྐད་དང་རྒྱུ་ཆ།  རྒྱང་སྒྲོག་བརྙན་འཕྲིན་སོགས་ཞབས་ཞུ་མང་བོ་འདོན་སྤྲོད་བྱས་ཏེ།  བརྡ་འཕྲིན་དང་རིག་གནས་ཐོན་ལས་ཀྱི་འཕེལ་རྒྱས་ལ་ཡར་སྐུལ་བྱེད་པ་དང་།  རྒྱལ་དམངས་དཔལ་འབྱོར་དང་སྤྱི་ཚོགས་བརྡ་འཕྲིན་གྱི་ཆུ་ཚད་ཇེ་མཐོར་གཏོང་བ།  ཉིན་རེ་བཞིན་སྣ་མང་ཅན་དུ་འགྱུར་བཞིན་པའི་མི་དམངས་མང་ཚོགས་ཀྱི་ཐོན་སྐྱེད་དང་འཚོ་བའི་ཞབས་ཞུའི་དགོས་མཁོ་བསྐོང་བ།  དཔལ་འབྱོར་གྱི་འཕར་གནས་གསར་བ་ཆགས་སུ་འཇུག་པ་བཅས་ལ་དོན་སྙིང་གལ་ཆེན་ལྡན་ཡོད་སྐོར་བརྗོད་ཡོད་འདུག 

འདི་ནི་ལོ་མགོ་འདིར་རྒྱ་ནག་གིས་དྲ་རྒྱའི་བརྒྱུད་ལམ་ཁག་ལ་སྔར་བས་ལྷག་པའི་བཀག་སྡོམ་དང་དམ་དྲག་བྱེད་ཤུགས་ཆེ་རུ་བཏང་བའི་རྣམ་འགྱུར་གསལ་བོ་ཞིག་ཆགས་ཡོད།

བསྐྱར་བཅོས།: ༢༠༡༧/༠༢/༡༦

Leave a Reply

3 thoughts on “དྲ་གསུམ་མཉམ་འབྲེལ།

  1. མཆོད་མེ་རྩོམ་རིག་དྲ་བ་ད་ལྟ་སྒོ་བརྒྱབས་མེད་པ་འདྲ།
    དེ་མིན་སྐད་ཡིག་དྲ་བ་དང་ཧི་གཟུགས་ཟིན་བྲིས་གནས་སྐབས་ང་
    ཚོ་དང་ཁ་གྱེས་པ་གཏན་འཁེལ་རེད་འདུག འབྱུང་འགྱུར་སླར་ཡང་དྲ་བ་དེ་རིགས་ང་ཚོ་དང་འཕྲད་པའི་རེ་བ་དང་སྨོན་ལམ་འདེབས།

  2. འབའ་པ་སྐལ་བཟང་འཕྲིན་ལས།

    ད་ང་ཚོས་དྲ་བའི་རང་དབང་ཐད་རྒྱ་ནག་ལ་སྐྱོན་འཛུགས་བྱ་ན་འོས་པའི་དུས་ཚོད་ཅིག་རེད་འདུག

  3. རྒྱ་ནག་གཞུང་གིས་google དྲྭ་བའི་གནས་ཚུལ་སྤེལ་བའི་ཐད་ལན་འདེབས་དང་རྣམ་འགྱུར་འདྲ་སྟོན་གྱི་འདུག་གམ། ?