༢༠༠༩ ལོ་མུ་མཐུད་ནས་དཀའ་སྡུག་གིས་བསྐྱལ་ཡོད།

ཕྱི་ལོ་ ༢༠༠༩ ལོར་གཞིས་ལུས་བོད་མི་ཚོས་ཞི་བའི་ངོ་རྒོལ་གྱི་ལས་འགུལ་མུ་མཐུད་སྤེལ་ཡོད་ལ། རྒྱ་གཞུང་གིས་ཀྱང་བོད་མི་ཞི་རྒོལ་བ་རྣམས་གང་བྱུང་འཛིན་བཟུང་བཀག་ཉར་དང་། ཚབས་ཆེའི་ཉེས་རྡུང་གཏོང་བ། བཙོན་འཇུག་དང་སྲོག་ཁྲིམས་གཅོད་པ་སོགས་མཚམས་བཞག་མེད་པར་མུ་མཐུད་སྡུག་སྦྱོང་མནར་གཅོད་བཏང་ཡོད་ཅེས་བོད་ཀྱི་འགྲོ་བ་མིའི་ཐོབ་ཐང་དང་མང་གཙོ་འཕེལ་རྒྱས་ལྟེ་གནས་ཁང་གི་འགན་འཛིན་གྱིས་གསུངས།

ཟླ་འདིའི་ཚེས་ ༢༢ ཉིན་བོད་གཞུང་ཕྱི་དྲིལ་ལྷག་པ་ཚེ་རིང་ཚོགས་ཁང་དུ་བོད་ཀྱི་འགྲོ་བ་མིའི་ཐོབ་ཐང་དང་མང་གཙོ་འཕེལ་རྒྱས་ལྟེ་གནས་ཁང་གིས་ ༢༠༠༩ ལོའི་བོད་ནང་གི་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་སྐོར་ལ་གསར་འགོད་གསལ་བསྒྲགས་ཤིག་སྤེལ་ཡོད་ཅིང་། ལྟེ་གནས་ཁང་དེའི་འགན་འཛིན་ཨོ་རྒྱན་བསྟན་འཛིན་ལགས་ཀྱིས། ༢༠༠༩ ལོར་བོད་མི་ཚོས་ཞི་བའི་ངོ་རྒོལ་གྱི་ལས་འགུལ་སྤེལ་མཚམས་བཞག་མེད་ལ། རྒྱ་གཞུང་གིས་ཀྱང་དམ་དྲག་དང་མནར་གཅོད་གཏོང་མཚམས་བཞག་མེད་པར་བོད་མི་ཞི་རྒོལ་བ་རྣམས་ལ་དྲག་གནོན་དང་འཇུ་བཟུང་བྱས་ཡོད་པར་མ་ཟད། བོད་མིར་དྲང་བདེན་ཁྲིམས་བཤེར་གྱི་གོ་རིམ་གང་ཡང་མེད་པར་ཁ་བྲལ་རིང་ལུགས་པར་རྡུང་རྡེག་ཚ་ནན་གཏོང་བའི་ཆབ་སྲིད་དགོངས་དོན་འོག ཉེས་མིང་འདྲ་མིན་གཡོགས་ཏེ་ཁྲིམས་ཆད་ལྗིད་པོ་བཏང་ཡོད། དེའི་ནང་ནས་བོད་མི་ལྔ་ལ་སྲོག་ཐོག་གཏོང་རྒྱུའི་ཁྲིམས་ཐག་བཅད་པ་དང་བློ་བཟང་རྒྱལ་མཚན་དང་ལོ་ཡག་གཉིས་དངོས་སུ་ལྷ་སར་སྲོག་ཐོག་ཁྲིམས་ཆད་ལག་བསྟར་བྱས་ཡོད། ཤེས་རྟོགས་བྱུང་བར་བོད་མི་ ༡༥༨༥ ཙམ་བཀག་སྐྱིལ་བྱས་ཡོད་པའི་ཁྲོད་ནས་མི་ ༣༣༤ ཙམ་ལ་ཚད་གཞི་མི་འདྲ་བའི་ཁྲིམས་ཆད་བཏང་ཡོད།  ༢༠༠༩ ལོའི་ནང་ཉུང་མཐར་བོད་མི་ ༣༠༠ ཙམ་གང་བྱུང་འཇུ་བཟུང་བཀག་ཉར་བྱས་ཡོད།

དེ་བཞིན་བཙོན་ཁང་ཁག་དང་ལྟ་སྲུང་ཁང་། ངལ་གཅུན་ཁང་སོགས་སུ་མནར་གཅོད་ཀྱི་ཐབས་ལམ་ངན་པ་མུ་མཐུད་བེད་སྤྱོད་བྱེད་བཞིན་ཡོད་པ་དང་། ཉེས་རྡུང་མནར་གཅོད་དབང་གིས་རྐྱེན་འདས་སུ་གྱུར་བ་དང་དབང་བོ་སྐྱོན་ཅན་ཆགས་པ། སེམས་ཁམས་མི་བདེ་བ་སོགས་ཀྱི་གནས་སྟངས་ཐབས་སྐྱོ་བོར་གནས་ཡོད་ཅིང་། ༢༠༠༨ ལོའི་ཟླ་ ༣ པའི་ནང་ལྷ་སར་ཞི་བའི་ངོ་རྒོལ་ནང་འཛུལ་ཞུགས་གནང་མཁན་གྱི་འབྲས་སྤུངས་གྲྭ་སྐལ་ལྡན་བཙོན་ཁང་ནང་མནར་གཅོད་དབང་གིས་རྐྱེན་འདས་སུ་གྱུར་བ་དང་། ལོ་སྔོན་མའི་ཟླ་ ༡༢ བའི་ཚེས་ ༥ ཉིན་དཀར་མཛེས་ལམ་གྲགས་བཙུན་དགོན་གྱི་བཙུན་མ་དབྱངས་སྐྱིད་སྒྲོལ་མ་བཙོན་ཁང་ནང་མནར་གཅོད་དབང་གིས་ཁྲིན་ཏུའུ་གྲོང་ཁྱེར་གྱི་སྨན་ཁང་ཞིག་ཏུ་རྐྱེན་འདས་སུ་གྱུར་ཡོད། དེ་བཞིན་རྔ་བ་དགོན་གྱི་གྲྭ་བཀྲ་བྷེ་ལགས་ཀྱིས་རང་ལུས་མེར་སྲེག་བཏང་བ་དང་། རྭ་རྒྱ་དགོན་གྱི་གྲྭ་བཀྲ་ཤིས་བཟང་བོ་རྨ་ཆུར་མཆོངས་ཏེ་རང་སྲོག་དོར་བའི་གནས་ཚུལ་སོགས་བོད་ནང་གི་གནས་སྟངས་མུ་མཐུད་ཛ་དྲག་ངང་གནས་ཡོད་ཅེས་གསུངས་སོང་།

ཡང་ཁོང་གིས་ལོ་སྔོན་མའི་ཟླ་ ༡ ཚེས་ ༡༨ ཉིན་ལྷ་སར་དགུན་དུས་ཀྱི་རྡུང་རྡེག་ཚ་ནན་གཏོང་བའི་ལས་འགུལ་སྤེལ་བ་དང་། ཉེན་རྟོག་པ་དང་དྲག་ཆས་ཉེན་རྟོག་པས་གང་བྱུང་གིས་ལྷ་སའི་གྲོང་ཁུལ་གྲོང་མིའི་ཁྱིམ་ཚང་། བོགས་གཏོང་ཁང་པ་སོགས་སུ་སྔོག་བཤེར་བྱས་ཡོད་ཅིང་། གནས་སྡོད་ལག་ཁྱེར་དང་ངོ་སྤྲོད་དཔང་ཡིག་མེད་མཁན། ཆབ་སྲིད་དོགས་གཞི་ཡོད་རིགས་སོགས་གང་བྱུང་འཇུ་བཟུང་བྱས་ཡོད། ལྷ་སའི་དགོང་དྲོའི་ཚགས་པར་སྟེང་ཟླ་ ༡ ཚེས་ ༢༥ ཉིན་གནས་ཚུལ་སྤེལ་བ་ལྟར་ན། དགུན་དུས་ཀྱི་རྡུང་རྡེག་ཚ་ནན་གཏོང་བའི་ལས་འགུལ་སྤེལ་ཏེ་ཉིན་བཅོ་བརྒྱད་རིང་ལྷ་ས་གྲོང་ཁྱེར་སྤྱི་བདེ་ཅུད་ཀྱིས་ཉེན་རྟོག་པ་ ༣༠༢ དང་ཉེན་རྟོག་རླངས་འཁོར་ ༧༠ བེད་སྤྱོད་ཀྱིས་ཉིན་བདུན་རིང་ཉེན་རྟོག་པ་ཚོས་ཉིན་མཚན་དབྱེར་མེད་ཀྱི་ཡུལ་མིའི་སྡོད་ཁུལ་ཆེ་ཁག ༣༠ དང་། བོགས་གཏོང་ཁང་པ་ ༣༨༡༣ ། མགྲོན་ཁང་དང་སྣེ་ལེན་ཁང་ཁག་ ༣༣ ། དྲ་ཁང་དང་ཨར་ཁང་ ༥༦ ལ་སྔོག་བཤེར་དང་བཅོས་སྒྲིག་བྱས་པའི་སྐབས་མི་ ༨༤༢༤ ལ་ཞིབ་བཤེར་དང་། དེའི་ནང་གནས་སྡོད་ལག་འཁྱེར་མེད་རིགས་ ༡༤༨ བྱུང་བའི་ཁྲོད་ནས་ཉེས་བསགས་དོགས་གཞི་ཅན་གྱི་མི་ ༥༡ འཇུ་བཟུང་བྱས་ཡོད་ཅེས་གནས་ཚུལ་སྤེལ་ཡོད།

དུས་ཆེན་ཆེ་ཁག་སྐབས་བོད་ནང་ཆབ་སྲིད་དོགས་གཞི་ཡོད་པའི་མི་སྣ་དང་། ཆབ་སྲིད་བཙོན་ཟུར་སོགས་ལ་དམ་དྲག་ཆེན་པོ་བྱས་ཏེ་དུས་ཆེན་གྱི་སྔ་ནུབ་ནས་འཇུ་བཟུང་བཀག་ཉར་བྱེད་པ་དང་། བཙན་ཤེད་ཀྱིས་ལྷ་ས་གྲོང་ཁུལ་སོགས་ནས་ཁ་འབྲལ་དུ་འཇུག་པ་དང་བྱ་སྤྱོད་ལ་ལྟ་ཞིབ། ལྷག་པར་དགོན་སྡེ་ཁག་ལ་དམིགས་བསལ་གྱིས་དམ་དྲག་བྱས་ཏེ་གྲྭ་བཙུན་རྣམས་ལ་ལྷ་ས་གྲོང་ཁུལ་དུ་འཛུལ་ཞུགས་བྱེད་རྒྱུར་བཀག་སྡོམ་བྱེད་པ་སོགས་ཀྱི་བྱ་ཐབས་སྤྱད་དེ་བོད་མི་དག་གི་གཞི་རྩའི་འགྲོ་བ་མིའི་ཐོབ་ཐང་ལ་རྡོག་རོལ་ཚབས་ཆེན་བཏང་དང་གཏོང་བཞིན་ཡོད།

ལོ་སྔོན་མར་བོད་ནང་དམ་དྲག་དང་། ལྷག་པར་དུ་བོད་མིའི་འགྲོ་འོང་ཐོག་ཚོད་འཛིན་དང་བཀག་སྡོམ། ལམ་མདོ་ཁག ས་མཚམས་ཁག་ལ་དམིགས་བསལ་དམ་དྲག་ནན་པོ་བྱས་པར་མ་ཟད། བོད་མི་བྲོས་བྱོལ་བ་རྣམས་འགྲོ་བསྐྱོད་བྱེད་ཡུལ་གྱི་མཐའ་མཚམས་ཁག་ལ་མཐའ་སྲུང་སྤྱི་བདེ་མངགས་གཏོང་ཁང་དང་། ཡུལ་མི་ཆེད་འཛུགས་བྱས་པ། དེ་བཞིན་ ༢༠༠༨ ལོའི་ཟླ་ ༧ ནང་བོད་མི་གུང་ཁྲན་ཏང་ཡོན་དང་། ལས་བྱེད་པའི་བུ་ཕྲུག་བཙན་བྱོལ་ནང་སློབ་གཉེར་དུ་བསྐྱལ་མི་ཆོག་པའི་སྒྲིག་ཁྲིམས་གཏན་འབེབས་བྱས་པ་སོགས་ཀྱིས། ༢༠༠༩ ལོར་བོད་ནས་བཙན་བྱོལ་དུ་ཡོང་མཁན་མི་ ༦༩༡ ལས་འབྱོར་མེད་པ་དང་། དེ་ནི་འདས་པའི་ལོ་ཤས་ནང་བོད་ནས་བཙན་བྱོལ་དུ་ཡོང་བའི་གྲངས་འབོར་ཉུང་ཤོས་ལོ་གཉིས་པ་དེ་ཆགས་ཡོད་ཅེས་གསུངས་ཡོད།

ཉིན་དེར་གསལ་བསྒྲགས་ཡིག་ཆ་ཞིག་བཀྲམས་པའི་ནང་། ཕྱི་ལོ་ ༢༠༠༩ ལོ་ནི་རྒྱ་གཞུང་གིས་བོད་ནང་གཞི་རྒྱ་ཆེ་བའི་བོད་མིའི་ཞི་རྒོལ་ལ་དྲག་གནོན་བྱས་ཏེ་ལོ་གཅིག་སོང་ཡང་དྲག་རྡུང་གི་ཐབས་ལམ་ངན་པ་མཚམས་འཇོག་མེད་པར་མུ་མཐུད་དེ། བོད་མིའི་གཞི་རྩའི་འགྲོ་བ་མིའི་ཐོབ་ཐང་རྡོག་རོལ་ཚབས་ཆེན་བཏང་བའི་ལོ་ཞིག་ཡིན། ལོ་འདི་ནི་རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་དབུ་བརྙེས་ཏེ་ལོ་ངོ་ ༥༠ འཁོར་བའི་དུས་སྟོན་དང་། པེ་ཅིང་གནམ་བདེ་སྒོ་མོའི་སློབ་ཕྲུག་གི་དམངས་གཙོའི་ལས་འགུལ་སྤེལ་ཏེ་ལོ་ ༢༠ ། རྒྱ་གཞུང་གི་རྒྱལ་སྤྱིའི་སྤྱི་དམངས་ཀྱི་ཆབ་སྲིད་ཐོབ་ཐང་གི་དམ་ཡིག་ལ་མིང་རྟགས་བཀོད་དེ་ལོ་ ༡༠ ། བོད་ས་ཡོངས་ལ་དབང་བསྒྱུར་བྱས་ཏེ་ལོ་ ༥༠ འཁོར་བའི་ལོ་ཞིག་ཡིན་ཐོག རྒྱ་གཞུང་གིས་རྒྱལ་ཚོགས་སུ་རྒྱལ་ཁབ་ཀྱི་འགྲོ་བ་མིའི་ཐོབ་ཐང་བྱ་སྤྱོད་འཆར་གཞི་ཞེས་པ་ཞིག་ཕུལ་ཡོད་ཀྱང་། དོན་དངོས་ཐོག་འགྲོ་བ་མིའི་ཐོབ་ཐང་གནས་སྟངས་ཛ་དྲག་ཅན་དེར་བཟང་ཕྱོགས་ཀྱི་འགྱུར་བ་གང་ཡང་ཕྱིན་མེད་པར་དེ་ལས་ལྡོག་སྟེ། ཇེ་སྡུག་ཏུ་ཕྱིན་ཡོད་ཅེས་གསལ་ཡོད།

ཉིན་དེར་བོད་དབྱིན་གཉིས་ནང་བོད་ནང་གི་འགྲོ་བ་མིའི་ཐོབ་ཐང་གནས་སྟངས། ༢༠༠༩ ལོའི་ལོ་འཁོར་སྙན་ཐོ་ཞེས་པའི་དེབ་གཉིས་པར་སྐྲུན་འགྲེམས་སྤེལ་བྱས་ཡོད།

བསྐྱར་བཅོས།: ༢༠༡༧/༠༢/༡༦

Leave a Reply

3 thoughts on “༢༠༠༩ ལོ་མུ་མཐུད་ནས་དཀའ་སྡུག་གིས་བསྐྱལ་ཡོད།

  1. བོད། ཤ་ཁྲག་རུས་གསུམ།

    ལོ་གསར་ནི་མི་རྣམས་བདེ་སྐྱིད་ལྡན་ས་དང་རང་དབང་ཡོད་ས་ཞིག་ནས་བྱེད་པའི་དུས་ཚིགས་ཤིག་ལ་ངས་ངེས་འཛིན་བྱེད་ན་འདོད། དེ་ཡིན་དུས། བོད་ལ་རང་དབང་མ་བྱུང་བར་དུ་ལོ་གསར་ཟེར་བ་ནི་རོལ་དང་མ་རོལ་ལ་རང་རང་གི་སེམས་ནང་ནས་ལན་འདེབས་ཤིག་འཚོལ་རན་རེད་འདུག

  2. ཀརྨ་རྡོ་རྗེ།

    ཉི་སྟོང་བརྒྱ་མེད་བཅུ་མེད་དགུ་ལ་བཅུ་དང་བཅུ་ཕྲག་འགའ་ཡི་ལོ་ཚིགས་ཁེལ། །

    རྒྱ་དམར་མི་མང་སྤྱི་མཐུན་རྒྱལ་ཁབ་ལག་དམར་ཁྲ་གིས་བཙུགས་ནས་ལྔ་བཅུ་ཁྱོལ། །
    པེ་ཅིང་གནམ་བདེ་སྒོ་མོའི་སློབ་ཕྲུག་ལས་འགུལ་དམངས་གཙོ་་སྤེལ་ཏེ་ལོ་ཉི་ཤུ། །
    རྒྱ་གཞུང་རྒྱལ་སྤྱིའི་སྤྱི་དམངས་ཆབ་སྲིད་ཐོབ་ཐང་དམ་ཡིག་མིང་རྟགས་བཀོད་ལོ་བཅུ། །
    འགྲོ་མི་ཐོབ་ཐང་དོན་ཚན་བཅུ་བདུན་ལ་བརྒལ་བོད་ས་ཡོངས་བསྒྱུར་ལྔ་བཅུ་བརྒལ། །

    དྲུག་བཅུ་ཙམ་ལས་ཕྱིན་མེད་ད་དུང་བདུན་ཅུ་བརྒྱད་ཅུའི་ལོ་ཡི་སྙིང་སྟོབས་དགོས། །

  3. ལོ་འཁོར་སྙན་ཐོ་འདི་རིགས་འབྱུང་འགྱུར་བོད་ཀྱི་ལོ་རྒྱུས་ནང་རྒྱ་དམར་གྱིས་བོད་མིའི་ཐོག་ངན་སྤྱོད་ཇི་ལྟར་སྤེལ་ཡོད་མེད་ཀྱི་མེ་ལོང་ལྟ་བུ་ཞིག་ཏུ་འགྱུར་ངེས་རེད།

    ད་ལོ་བོད་མི་ཚོས་ལོ་གསར་སྲུང་བརྩི་བྱེད་སྲིད་དམ།
    བོད་ནང་དུ་ལོ་གསར་གཏོང་དགོས་པའི་བཀའ་རྒྱ་གཏོང་དོན་ཅི་ཡིན་ནམ།
    ཡུལ་གྱར་བོད་མི་ཚོས་ལོ་གསར་གཏོང་དགོས་སམ་མི་དགོས།
    ན་ནིང་མྱ་ངན་གྱི་ལོ་གསར་དང་ད་ལོ་ནི་༌༌༌༌