མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

བོད་ལྕགས་སྟག་ལོའི་ལོ་གསར་བསུ་སྟངས་ཤིག

བོད་ཀྱི་དུས་བབ།
༢༠༡༠/༠༢/༠༥
Share on FacebookShare on TwitterShare on EmailShare on Whatsapp

བཀའ་ཤག་གིས་གཞུང་ཞབས་པ་རྣམས་ལ་ལོ་སར་སྤྲོ་སྐྱིད་ཀྱི་རྣམ་པས་གཏོང་མི་ཆོག་སྐོར་བསྒྲགས་པ་དེས། གཞུང་འབྲེལ་མ་ཡིན་པའི་ཚོགས་པ་ཁག་ལའང་བྱེད་ཁག་པོ་བཟོས་འདུག་ལ། ཁོང་ཚོའི་བར་ལོ་སར་ཇི་ལྟར་གཏོང་མིན་ཐད་ལྟ་ཚུལ་མི་མཐུན་པ་འབྱུང་བཞིན་ཡོད།

ཕྱི་ཚེས་ ༣ ཉིན་ཏེ། བོད་ལྕགས་སྟག་ལོའི་ལོ་སར་བར་དུ་ཉིན་བཅུ་ལས་མེད་པའི་སྐབས་འདིར། བོད་གཞུང་བཀའ་ཤག་གིས་འབྲེལ་ཡོད་ལྷན་ཁང་ཁག་བདུན་གྱི་ཁྱབ་ཁོངས་འོག་ཡོད་པའི་གཞུང་ཞབས་ལས་བྱེད་རྣམས་ལ་གསལ་བསྒྲགས་ཤིག་བཀྲམས་ཏེ། འདི་ལོའི་ལོ་སར་སྐབས་ཚེ་གཏོར་དང་བསང་གསོལ་སོགས་ཆོས་ཕྱོགས་ཀྱི་མཛད་སྒོ་རྣམས་སྲོལ་རྒྱུན་ལྟར་གནང་བ་མ་གཏོགས། གསོལ་སྟོན་དང་ཞབས་གཞས། ཤོག་པག་སྤར་བ་སོགས་བག་ཡངས་སྤྲོ་སྐྱིད་ཀྱི་ལས་རིམ་གཏན་ནས་མེད་པ་དགོས་རྒྱུ་མ་ཟད། གཞུང་ཞབས་ལས་བྱེད་རྣམས་ཀྱང་སྤྲོ་སྐྱིད་གསོལ་སྟོན་སོགས་སུ་ཕེབས་མི་ཆོག་པའི་སྐོར་བསྒྲགས་ཡོད་མོད། གཞུང་ཞབས་ལས་བྱེད་ཀྱི་ཕན་ནས་མི་མང་རྣམས་ལོ་སར་བའི་དགའ་སྟོན་རྟེན་འབྲེལ་ལ་རོལ་བ་དང་། གཞས་འཁྲབ་པ་དང་ཞབས་བྲོ་རྒྱག་པ། ཤོག་པག་སྤར་བ་སོགས་སྤྲོ་སྐྱིད་ཀྱི་རྣམ་པར་རོལ་མིན་ཐད་གང་ཡང་གསུངས་མེད། བཀའ་དྲུང་མི་འགྱུར་རྡོ་རྗེ་ལགས་ཀྱིས་ང་ཚོས་དམར་བོའི་གཞུང་ལྟར་མི་མང་ལ་བཀའ་གཏོང་ཆོག་གི་མ་རེད། ལོ་སར་གཏོང་མིན་དེ་མི་མང་རང་ཉིད་ཀྱི་རང་དབང་རེད་ཅེས་གསུངས་ཡོད།

འོན་ཀྱང་། གཞུང་ཞབས་ལས་བྱེད་རྣམས་ཀྱིས་ལོ་སར་སྤྲོ་སྐྱིད་ཀྱི་རྣམ་པར་གཏོང་ཆོག་གི་མེད་དུས། ཁོང་ཚོའི་ནང་མི་བུ་ཕྲུག་དག་ཀྱང་རང་བཞིན་གྱིས་དེའི་ཁོངས་སུ་འདུས་ཡོད་ལ། དེ་ལྟར་བྱས་ཚེ་ད་ཡོད་གཞུང་ཞབས་པ་མི་ ༥༠༠ ལྷག་ཡོད་པ་ནས་ཁོང་ཚོའི་ནང་མི་བུ་ཕྲུག་དང་ཉེ་འབྲེལ་བསྡོམས་ན། ཉུང་མཐར་ཡང་མི་ ༢༠༠༠ ལྷག་གིས་ལོ་སར་གཏོང་མི་ཆོག་པར་གྱུར་ཡོད།
འདིའི་ཐད་དུ་གཞུང་འབྲེལ་མ་ཡིན་པའི་ཚོགས་པ་རེ་ཟུང་གིས་འདི་ལོའི་བོད་ལུགས་ཀྱི་ལོ་སར་དང་རྒྱ་ནག་གི་ལོ་སར་གཉིས་དུས་མཉམ་དུ་འཁེལ་གྱིན་ཡོད་སྟབས། ལོ་སར་གྲ་རྒྱས་པོ་བཏང་སྟེ་བོད་མི་རིགས་ཀྱི་སྲོལ་རྒྱུན་རིག་གནས་དང་ལོ་སར་སྐབས་ཀྱི་རྒྱས་སྤྲོས་བྱེད་སྟངས་སོགས། རྒྱ་ནག་དང་ཐ་དད་ཡིན་པའི་རྣམ་པ་གསལ་བོར་སྟོན་དགོས་པ་རེད་ཅེས་དང་།  ཡང་ད་ལྟ་བོད་ནང་ལ་མཚོན་ན་གཞིས་ལུས་བོད་མི་རྣམས་འདུ་འཛོམས་བྱེད་པའི་གོ་སྐབས་དེ་ཙམ་རག་གི་མེད་སྟབས། ལོ་སར་གྱི་རྟེན་འབྲེལ་ལ་རོལ་བ་དང་དགོན་སྡེ་ཁག་ཏུ་མཆོད་མཇལ་དུ་འགྲོ་རྒྱུ་ནི་བོད་མི་རྣམས་འདུ་འཛོམས་བྱེད་པའི་གོ་སྐབས་ཡག་ཤོས་ཤིག་རེད་ཅེས་སོགས་ཟེར་མཁན་བྱུང་ཡོད།

ཕྱི་ཚེས་ ༥ ཉིན་གྱི་ཞོགས་པར་འདི་གའི་གསར་འགོད་པས་བུད་མེད་ལྷན་ཚོགས་ཀྱི་ཚོགས་གཞོན་བསམ་གཏན་ཆོས་སྒྲོན་ལགས་སུ། བཀའ་ཤག་ནས་གཞུང་ཞབས་ལས་བྱེད་རྣམས་ལ་ལོ་གསར་བའི་ནང་དུ་དགའ་སྤྲོ་བག་ཡངས་ཀྱི་རྣམ་པ་མེད་པ་དགོས་པའི་སྐོར་ལ་གསལ་བསྒྲགས་སྤེལ་བའི་ཐད་དགོངས་ཚུལ་ཅི་ཡོད་དྲིས་པར། ཁོང་གིས་གསུངས་དོན། བོད་ནང་གི་གནས་སྟངས་མུ་མཐུད་ཛ་དྲག་ངང་གནས་ཡོད་སྟབས། ལོ་སར་སྐབས་གཞས་ཞབས་བྲོ་འཁྲབ་པ་དང་གླུ་ལེན་གར་རྩེས་ལ་རོལ་བ་སོགས་ཧ་ཅང་གི་དྲ་རྒྱས་པོ་བྱེད་མི་རུང་ནའང་།  ཆོས་ཕྱོགས་ཀྱི་བྱེད་སྒོ་ཁག་དང་སྲོལ་རྒྱུན་གྱི་འགྲོ་སྟངས་ལྟར་ལོ་སར་གྱི་རྟེན་འབྲེལ་ཁག་བྱ་དགོས་པ་དེ་གལ་ཆེན་པོ་རེད་ལ། ལོ་སར་གྱི་རྟེན་འབྲེལ་དགའ་སྟོན་བྱེད་པ་དེས་བོད་ཀྱི་སྲོལ་རྒྱུན་རིག་གཞུང་ཞིག་མཚོན་གྱིན་ཡོད་པ་དང་། ལོ་སར་ནི་ལོ་གཅིག་གི་ནང་ནས་གལ་ཆེའི་དུས་ཆེན་ཞིག་དང་ངེས་པར་དུ་སྲུང་གཙི་ཞུ་དགོས་པ་ཞིག་ཡིན་སྟབས། གལ་སྲིད་ང་ཚོས་ལོ་གཅིག་ལ་ལོ་སར་མ་བཏང་། གཉིས་ལ་ལོ་སར་མ་བཏང་བར་བསྡད་ན་ཕྲུ་གུ་ལོ་ཆུང་ཚོ་ཡིན་ནའང་། རིམ་གྱིས་ལོ་སར་ལབ་དུས་སྤྲོ་སྣང་མེད་པ་དང་ལོ་སར་གྱི་ངོ་བོ་ངོས་མི་ཟིན་པར་ཆགས་འགྲོ་གི་རེད་ཅེས་གསུངས་ཡོད།

དེ་བཞིན་ངྷ་ས་བོད་རང་དབང་སློབ་ཕྲུག་ཚོགས་པའི་ཚོགས་གཙོ་ཆོས་དབྱངས་ལགས་ཀྱིས། རྩ་བའི་ང་ཚོའི་ཛ་དྲག་གི་གནས་སྟངས་ནི་ ༢༠༠༨ ལོ་ཙམ་མིན་པར་ ༡༩༥༩ ལོ་ནས་བཟུང་བྱུང་བསྡད་པ་རེད་ལ། སྐབས་དེར་མི་ས་ཡ་གཅིག་ཙམ་གྱི་སྲོག་ཤོར་བ་རེད། དེ་ལྟར་བོད་རྒྱ་ལག་ལ་ཤོར་བ་ནས་ད་ལྟའི་བར་ཛ་དྲག་གི་རྣམ་པར་གནས་ཀྱིན་ཡོད་ནའང་། ལོ་སར་རྟེན་འབྲེལ་ལ་རོལ་རྒྱུ་ནི་གལ་ཆེན་པོ་རེད་ལ། ཉིན་དེར་བོད་མིའི་སྲོལ་རྒྱུན་གྱི་རིག་གཞུང་དང་གྱོན་གོས། ཟ་མ་སོགས་ངོ་སྤྲོད་བྱ་རྒྱུ་དེ་གལ་ཆེ་ཤོས་ཤིག་ཡིན་པས་དེ་ང་ཚོས་བེད་སྤྱོད་ཡག་པོ་གཏོང་དགོས། བོད་ནང་དུ་རེ་ཟུང་གིས་ལོ་སར་གཏོང་དགོས་པ་རེད་ཟེར་བ་དང་། ཡང་རེ་ཟུང་གིས་གཏོང་ཉན་གི་མ་རེད་ཟེར་གྱིན་ཡོད་ནའང་། ཆབ་སྲིད་ཀྱི་ལྟ་སྟངས་ཤིག་གི་ངོས་ནས་བལྟས་ན་འདས་པའི་ལོ་གཉིས་གསུམ་རིང་གཞིས་ལུས་བོད་མི་རྣམས་ཀྱིས་སེམས་ནང་གི་སྡུག་བསྔལ་ཕྱི་ལ་སྟོན་པའི་དུས་ཚོད་བཟང་ཤོས་ནི་འདུ་འཛོམས་བྱེད་པའི་དུས་ཚོད་དག་རེད་ལ། རྒྱ་ནག་གིས་བོད་མི་ཚོ་མཉམ་དུ་འཛོམས་རྒྱུར་སྐྲག་སྣང་དང་བཀག་འགོག་བྱེད་ཀྱིན་ཡོད་པའི་ཆ་ནས་ད་ལྟའི་བར་བོད་མི་ཚོ་མཉམ་དུ་འཛོམས་ཐུབ་མེད་ཅིང་། ལོ་སར་ལ་རོལ་བ་དང་དགོན་སྡེ་ཁག་ཏུ་མཆོད་མཇལ་དུ་འགྲོ་བ་ནི་བོད་མི་རྣམས་འདུ་འཛོམས་བྱེད་པ་དང་མཉམ་དུ་སྤྲོ་སྐྱིད་ལ་རོལ་བའི་གོ་སྐབས་ཡག་ཤོས་ཤིག་རེད། དེ་ནི་བོད་ནང་ཙམ་མིན་པར་རྒྱ་གར་གཙོས་ཕྱི་རྒྱལ་ཁག་ཏུ་ཡོད་པའི་ས་གནས་གང་དུ་ཡིན་ནའང་། གལ་ཆེན་པོར་ཆགས་འདུག་ཅེས་གསུངས་ཡོད།

ཁོང་གིས་མུ་མཐུད་དེ། ང་ཚོས་ལོ་སར་གཏོང་དགོས་པ་རེད་ཟེར་དུས་དགའ་དགའ་སྤྲོ་སྤྲོ་བྱོས་ཟེར་གྱིན་མེད་པར། སོ་སོའི་རིག་གཞུང་དང་སྐད་ཡིག ཡུལ་སྲོལ་གོམས་གཤིས་སོགས་རྒྱ་ནག་དང་ཐ་དད་ཡིན་པ་གསལ་སྟོན་བྱ་དགོས་ཀྱི་འདུག་ཟེར་གྱིན་ཡོད་ཅེས་གསུངས།

བོད་ཀྱི་དགུ་བཅུ་གསུམ་ལས་འགུལ་ཚོགས་པའི་ཚོགས་གཙོ་ངག་དབང་འོད་འབར་ལགས་ཀྱིས།  སྤྱིར་བཏང་འདི་ལོའི་ལོ་སར་རྒྱ་ནག་གི་ལོ་སར་དང་མཉམ་དུ་འཁེལ་གྱིན་ཡོད་སྟབས། དྲ་རྒྱས་པོ་གཏོང་དགོས་པ་རེད་ཟེར་མཁན་དང་འདས་ལོའི་ནང་གཞིས་ལུས་བོད་མིས་མུ་མཐུད་སྡུག་སྦྱོང་མནར་གཅོད་མྱངས་དགོས་བྱུང་སྟབས།  ལོ་སར་གཏོང་ཉན་གི་མ་རེད་ཟེར་མཁན་སོགས་རིགས་གཉིས་ཡོང་གི་འདུག་ལ། ཁ་སང་བཀའ་ཤག་གིས་གཞུང་ཞབས་ལས་བྱེད་ཚོས་ལོ་སར་སྐབས་སྤྲོ་སྐྱིད་ཀྱི་རྣམ་པ་གང་ཡང་མེད་པའི་ཐོག་ནས་ཆོས་ཕྱོགས་ཀྱི་མཛད་སྒོ་ཁག་གཏོང་དགོས་སྐོར་བརྗོད་སྟབས། མི་མང་ནང་དེས་ཤུགས་རྐྱེན་ཐེབས་གི་རེད་ལ། ང་ཚོས་ཀྱང་ལོ་སར་སྐབས་ག་རེ་བྱེད་དགོས་མིན་ཐད་ལས་བྱེད་ནང་ཁུལ་གྲོས་བསྡུར་བྱེད་བཞིན་པའི་སྒང་ཡིན་ཞེས་གསུངས་ཡོད།

གོང་གསལ་ཚོགས་པ་གསུམ་གྱི་ད་ལྟའི་ལས་འཆར་ལྟར་ན་འདི་ལོའི་ལོ་སར་སྐབས་ཨ་རིའི་སྲིད་འཛིན་ཨོ་བྷ་མ་མཆོག་ལ་འཚམས་འདྲིའི་ཤོག་བྱང་གཏོང་རྒྱུ་ཡིན་འདུག་ལ། འཚམས་འདྲིའི་ཤོག་བྱང་དག་སྲིད་འཛིན་ཨོ་བྷ་མ་དང་༧གོང་ས་མཆོག་རྣམ་གཉིས་མཇལ་འཕྲད་མ་གནང་བའི་སྔོན་ཏག་ཏག་དེར་ཁོང་གི་ཕྱག་ཏུ་འབྱོར་ཐུབ་པ་བྱ་རྒྱུ་ཡིན་འདུག

གཞོན་ནུའི་ཚོགས་གཙོ་ཚེ་དབང་རིག་འཛིན་ལགས་ཀྱིས་ཁ་སང་བཀའ་ཤག་གིས་གཞུང་ཞབས་ལས་བྱེད་རྣམས་ལ་ལོ་སར་མི་གཏོང་རྒྱུའི་གསལ་བསྒྲགས་བཀྲམས་པ་དེས། ང་ཚོས་ཀྱང་ག་རེ་བྱེད་དགོས་མིན་ཐད་བསམ་བློ་གཏོང་གི་ཡོད་མོད། ད་དུང་ཐག་གཅོད་གང་ཡང་བྱུང་མེད་ཅེས་གསུངས་ཡོད། ཁ་སང་བཀའ་ཤག་གིས་གཞུང་ཞབས་པ་རྣམས་ལ་ལོ་སར་སྐབས་སྤྲོ་སྐྱིད་ཀྱི་རྣམ་པ་གང་ཡང་མེད་པའི་ཐོག་ནས་ལོ་སར་གཏོང་དགོས་པའི་སྐོར་འདི་གའི་དྲ་ཐོག་ཏུ་སྤེལ་རྗེས། བསམ་ཚུལ་སྤེལ་མཁན་དག་གི་ཁྲོད་ན་ལོ་སར་སྤྲོ་སྐྱིད་ཀྱི་རྣམ་པས་གཏོང་དགོས་པ་རེད་ཟེར་མཁན་དང་མ་རེད་ཟེར་མཁན་གཉིས་ཀ་བྱུང་བའི་ཁྲོད་ཀྱི་མང་ཤོས་ནི་མང་ཚོགས་ཀྱིས་ཀྱང་ལོ་སར་སྤྲོ་སྐྱིད་ཀྱི་རྣམ་པ་མེད་པའི་ཐོག་ནས་བཏང་སྟེ། གཞིས་ལུས་བོད་མི་རྣམས་ལ་གདུང་སེམས་མཉམ་སྐྱེད་བྱ་དགོས་པ་རེད་ཟེར་མཁན་ཡིན་འདུག

འབྲེལ་ཡོད་གསར་འགྱུར།

༸གོང་ས་མཆོག གསར་འགྱུར།

བོད་ལྗོངས་མདོ་སྨད་ཆོལ་ཁས་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ལ་བརྟན་བཞུགས་བསྟར་འབུལ་ཞུས།

ཆུ་ཚོད་ ༡༤ སྔོན་ལ།
 འབུམ་རམས་པ་ལྷ་མོ་འཚོའི་དཔེ་དེབ་དབུ་འབྱེད་གནང་། བོད་ཀྱི་དུས་བབ་གསར་ཁང་གི་པར། ༢༠༢༥།༦།༢༧
Mobile App

འབུམ་རམས་པ་ལྷ་མོ་འཚོའི་དཔེ་དེབ་དབུ་འབྱེད་གནང་། 

༢༠༢༥/༠༦/༢༧
Mobile App

དབུས་གཙང་གཞོན་སྐྱེས་ཚོགས་ཆེན་ཐེངས་དང་པོ་འཚོག་བཞིན་འདུག

༢༠༢༥/༠༦/༢༧
In this handout image released by the Chinese Embassy on June 26, 2025, the first batch of Indian pilgrims at the Manasarovar Lake, in Tibet.
Mobile App

རྒྱ་གར་གྱི་གནས་མཇལ་བ་ཚོ་དངོས་སུ་བོད་ནང་གནས་མཇལ་དུ་ཕྱིན།

༢༠༢༥/༠༦/༢༧
Close view of Chinese PLA combat helicopter in Tibet_January 05 2021
Mobile App

བོད་ནང་གི་ཛ་དྲག་གི་གནས་སྟངས་ལ་གཟིགས་ཞིབ་དགོས་པའི་རེ་སྐུལ་ཞུས། 

༢༠༢༥/༠༦/༢༦
Mobile App

མི་འགྱངས་བར་སྟོབས་ཆེན་རྒྱལ་ཁབ་ལྔ་ཡིས་ཚོགས་ཆེན་འཚོག་རྒྱུ་ཡིན་འདུག 

༢༠༢༥/༠༦/༢༦

མཆན། 19

  1. ནོར། says:
    ལོ་ 15 སྔོན།

    སྲོལ་རྒྱུན་ཁ་ལ་ཁྱེར་ནས་ལོ་གསར་གཏོང་མཁན་ཚོ། སྐད་ཆ་བཤད་དགོས་པ་ལས་རྒྱག་དགོས་པ་མ་རེད། དེ་བས་དོན་དུ་བོད་སྐད་ཤོད་ཅེས་འབྲི་དགོས་པ་རེད།

    Reply
  2. བོད་ཀྱི་བུ། says:
    ལོ་ 15 སྔོན།

    བོད་སྐད་རྒྱོབས།
    བོད་ཆས་གྱོན།
    བོད་ཟས་མཆོད།

    བོད་ཡིག་བྲིས། ཅེས་འབྲི་དགོས་མི་འདུག་གམ། བོད་ཀྱི་བུད་མེད་ཚོགས་པ་དང་། བོད་ཀྱི་གཞོན་ནུ་ལྷན་ཚོགས། བོད་རང་དབང་སློབ་ཕྲུག་ཚོགས་པ་བཅས་ལ་བོད་ཡིག་གི་དྲ་རྒྱ་ཞིག་ཡོད་རེད་དམ། བོད་ཀྱི་ལོ་གསར་ཉིན་མོ་བོད་ཡིག་འབྲི་དགོས་མི་འདུག་གམ།

    Reply
  3. རྒྱང་རིང་ནས། says:
    ལོ་ 15 སྔོན།

    ཁམས་དཀར་མཛེས་ཕྱོགས་སུ་ཡང་ད་ལོ་ལོ་གསར་གཏང་གྱིན་མིན་ཟེར་གྱི་འདུག་ ཅེས་རླུང་འཕྲིན་ཁང་སོགས་ལ་བཤད་ཀྱི་འདུག་པས་ ད་ལོ་ཡང་བོད་ཀྱི་ལོ་གསར་དེ་མྱ་ངན་གྱི་དུས་དྲན་ཞིག་ལ་སྙིང་སྟོབས་ཀྱིས་བྲིས་
    པའི་གསེར་རིས་རེད་འདུག།

    Reply
  4. དོན་འགྲུབ་ says:
    ལོ་ 15 སྔོན།

    ༄༅། འཆར་ལ་ཉེ་བའི་མེ་སྟག་ལོ་གསར་དེ་ལྟས་དབང་གིས་བོད་ཀྱི་ལོ་གསར་དང་རྒྱ་མིའི་ལོ་གསར་གཉིས་ཀ་ཉིན་གཅིག་ལ་འཁེལ་གྱི་ཡོད་འདུག དེ་ཙམ་མ་ཡིན་པར་ལོ་གསར་ཚེས་གཅིག་ཉིན་དེང་རབས་ཀྱི་ན་གཞོན་གྲོགས་པོ་གྲོགས་མོ་རྣམས་རང་གི་དགའ་བརྩེའི་སེམས་ཚོར་སྟོན་རྒྱུའི་ཉིན་མོ་ བེ་ལིཎ་ཊ་ཨིན་ཌེ་ ཡང་དུས་གཅིག་ལ་སྟབས་འགྲིགས་འདུག བོད་རྒྱ་ཞི་མོལ་གྱི་ལས་རིམ་འགྲོ་བཞིན་པའི་སྐབས་འདིར་འདིས་གང་ཞིག་སྟོན་ཐབས་བྱེད་ཀྱི་ཡོད་དམ།།

    Reply
  5. ཨ་རིག་འགྱུར་མེད། says:
    ལོ་ 15 སྔོན།

    བོད་སྐད་རྒྱོབས།
    བོད་ཆས་གྱོན།
    བོད་ཟས་མཆོད།

    གོང་གི་འབོད་ཚིག་དག་བོད་རང་དབང་སློབ་ཕྲུག་ཚོགས་པའི་འདི་ལོའི་ལོ་སར་གྱི་འབོད་ཚིག་གསར་བ་དེ་རེད། དེའི་གཤམ་དུ་སྒོ་སམ་སྟེང་ཚིག་བཞི་ཞིག་བྲིས་ཡོད་པ་དེ་ཡང་ཁོང་ཚོའི་འབོད་ཚིག་རེད། ཁོང་ཚོར་ད་དུང་འབོད་ཚིག་གཞན་ཞིག་ཡོད་པ་ནི།
    རྒྱལ་གཅེས་དཔའ་བོའི་ཟུངས་ཁྲག་ཆེད་དུ་སྔར་ལོའི་ལོ་གསར་སྡུག་གིས་བསྐྱལ། །
    རྒྱལ་བའི་གཟི་བྱིན་སྔར་ལྷག་ཡོང་ཕྱིར་སྟག་ལོའི་ལོ་གསར་འཛུམ་གྱིས་སྤྲོ། །
    གཞིས་བྱེས་ལྷན་འཛོམས་ཉི་མ་དེའི་ཕྱིར་ལོ་མགོའི་ཚེས་པ་ནས་བཟུང་སྟེ། །
    འདས་གསོན་དཔའ་བོའི་ཞབས་རྗེས་སྙེག་གིན་གངས་རིའི་ལ་རྒྱ་དགུང་དུ་གཏོད། །
    ཅེས་པ་འདི་རེད།
    མཇུག་གི་ཤོག་བྱང་དེ་ནི་བུད་མེད་ཚོགས་པས་ལོ་སར་ཚེས་གཉིས་ཉིན་ཨ་རིའི་སྲིད་འཛིན་ཨོ་བྷ་མར་འབུལ་རྒྱུའི་ལོ་སར་གྱི་འཚམས་འདྲིའི་ཤོག་བྱང་གི་ཟུར་ངོས་གཅིག་དེ་རེད།
    དེ་ནི་ངོ་སྤྲོད་ཙམ་ཡིན།

    Reply
  6. ནོར། says:
    ལོ་ 15 སྔོན།

    ཚོགས་གཞོན་བསམ་སྒྲོལ་ལགས།
    སྐུ་ཉིད་ཀྱིས་ལོ་གཉིས་ཀྱི་ལོ་སར་སྤྲོ་སྐྱིད་དེ་བློས་གཏོང་གིས། རང་གི་བུ་རབས་ཚ་རྒྱུད་ལ་ཚེ་གང་གི་རང་དབང་བདེ་སྐྱིད་ཅིག་བསྐྲུན་རྒྱུའི་འདོད་པ་མེད་པར་བློ་ཕམ་བྱུང་།

    Reply
  7. ནོར། says:
    ལོ་ 15 སྔོན།

    ཚོགས་གཞོན་བསམ་གཏན་སྒྲོལ་མ་ལགས། ང་ལའང་བུ་ཆུང་ལོ་བཞི་ཅན་ཞིག་ཡོད། ངས་འདི་ལྟར་ཁོ་ལ་སློབ་གསོ་བཏང་བ་ཡིན། གཅེས་ཕྲུག་ལགས་ལོ་སྔོན་མ་དང་ད་ལོ་གཉིས་ལ་ང་ཚོས་ལོ་སར་གཏོང་ཆོག་གི་མ་རེད། ཤོག་སྦག་རྒྱགས་ཆོག་གི་མ་རེད། རྒྱུ་མཚན་ནི་ང་ཚོའི་བོད་མི་མང་པོ་ཞིག་རྒྱ་ནག་གི་དམག་མིས་བསད་པ་རེད་ཅེས་ལབ་པ་ཡིན།

    འདས་པའི་ལོའི་ནང་ང་ཚོའི་སྤུན་ཟླ་བཞི་རྒྱ་གཞུང་གིས་སྲོག་ཐོག་བཏང་བ་རེད། དེ་བས་སོ་སོའི་ནང་མི་གྲོངས་དུས་མྱ་ངན་བྱ་དགོས་པ་དེ་ལོ་སར་གཏོང་དགོས་ཟེར་མཁན་ཚོས་སྲུང་སྐྱོབ་བྱེད་དགོས་ཅེས་བསྒྲགས་བཞིན་པའི་སྲོལ་རྒྱུན་རིག་གནས་དེ་རེད།

    ད་དུང་བོད་ནང་གི་བོད་མི་ཚོར་ལོ་སར་གཏོང་འདོད་མེད་བཞིན་དུ་རྒྱ་གཞུང་གིས་བཙན་གྱིས་ལོ་སར་དགའ་སྟོན་ལ་རོལ་ཏུ་འཇུག་བཞིན་ཡོད་པས། ང་ཚོའི་ལོ་སར་རོལ་དགོས་ཤེ་ན། རྒྱ་གཞུང་གི་རྒྱབ་རོགས་ལྟ་བུར་གྱུར་བ་མ་རེད་དམ།

    ད་ལྟའི་ཆར་བོད་མདོ་སྨད་རྔ་བ་དང་ཁམས་དཀར་མཛེས་ས་ཁུལ་ཁག་ཅིག་ཏུ་ལོ་སར་དགའ་སྟོན་མི་བྱེད་ཅེས་གནས་ཚུལ་ཐོན་ཡོད་པའི་ཁར། བོད་གཞུང་ནས་ཀྱང་ལོ་སར་མི་རོལ་བའི་གསལ་བསྒྲགས་སྤེལ་ཡོད་པས། གཞུང་འབྲེལ་མིན་པའི་ཚོགས་སྡེ་ཁག་གིས་ག་རེ་བྱས་ནས་རང་ཚུགས་སམ་ལངས་ཕྱོགས་རང་གར་བ་ཤིག་མཁྲེགས་འཛིན་བྱེད་དགོས།

    Reply
  8. འོས་ལངས། says:
    ལོ་ 15 སྔོན།

    ལོ་གསར་གཏོང་མི་གཏོང་ཟེར་བ་དེ་ལོ་གསར་གྱི་དུས་སྟོན་བྱེད་མི་བྱེད་ལ་གོ་དོན་ལེན་དགོས་པ་འདྲ། དུས་སྟོན་ཞིག་བྱེད་དུས་རང་བཞིན་གྱིས་སྤྲོ་སྐྱིད་ཀྱི་རྣམ་པར་འགྱུར་ངེས་ཡིན། སྤྲོ་སྐྱིད་ཀྱི་རྣམ་པ་འབྱུང་དུས་དགའ་བའི་གླུ་ལེན་པ་དང་། སྐྱིད་པའི་ཞབས་བྲོ་འཁྲབ་པ། བག་མེད་ཀྱི་ཤོ་རྒྱན་རྒྱག་པ་སོགས་ནི་ཞར་དང་ཞོར་ལ་བོད་མི་ཚོས་བྱེད་ངེས་རེད། གཞི་རྩའི་ཆ་ནས་ལོ་གསར་གཏོང་མི་གཏོང་ཙམ་ནི་དེ་ཙམ་གྱི་གནད་འགག་གང་ཡང་མ་རེད། ཡིན་ན་ཡང་ད་ལྟའི་གནས་སྟངས་འདི་འདྲའི་སྐབས་ལ་བོད་མི་ཚོས་ལོ་གསར་གཏོང་བ་དེ་འོས་འཚམ་ཞིག་ཏུ་མ་མཐོང་། གཞུང་འབྲེལ་མ་ཡིན་པའི་ཚོགས་སྡེ་ཁག་གིས་དོན་དག་འདི་དང་མཉམ་དུ་བོད་ཀྱི་རིག་གཞུང་དང་སྐད་ཡིག་སོགས་ཀྱི་སྐད་ཆ་གཞན་ཞིག་བཤད་ཀྱིན་ཡོད་པ་དེ་དག་ནི་བསམ་བློའི་གོ་རྟོགས་ཆུང་བའི་རྟགས་མཚན་ཞིག་ལས་གཞན་ཅི་ཡང་མ་རེད། དངོས་འབྲེལ་བོད་ཀྱི་རིག་གཞུང་དང་སྐད་ཡིག་བཅས་ལ་དགའ་ཞེན་བཅོས་མིན་ཞིག་ཡོད་ན། ལངས་ཕྱོགས་གསལ་པོ་དང་ཆོད་སེམས་བརྟན་པོའི་སྒོ་ནས་དེ་འབྲེལ་གྱི་ལས་འགུལ་མུ་མཐུད་དུ་སྤེལ་དགོས་པར་འདོད།

    Reply
  9. གངས་ཅན་གྱི་བུ་ཆུང་། says:
    ལོ་ 15 སྔོན།

    བཀའ་ཤག་གིས་ལོ་གསར་མ་གཏོང་རོགས་ཞེས་རེ་འབོད་དེ་བོད་སྤྱིར་ཡོངས་ལ་གོ་དགོས་རེད་མ་གཏོགས་བོད་མི་གཞུང་འབྲེལ་དང་གཞུང་འབྲེལ་མ་ཡིན་པའི་ཁྱད་པར་གང་ཡང་ཡོད་མ་རེད་སྙམ།

    Reply
  10. lenpa says:
    ལོ་ 15 སྔོན།

    ་ལོ་སར་མི་གཏོང་

    Reply
  11. ལྷོ་ཕྲུག་སྣ་བོ་ཆེ། says:
    ལོ་ 15 སྔོན།

    ཡང་ན་མང་གཙོའི་ལམ་སྲོལ་ཐོག་ཁྲིམས་ལུགས་དང་མི་འགལ་བའི་བྱ་བ་དང་སྤྱོད་པ་མི་འདྲ་བ་རེ་ཁྱེར་དབང་ཡོད་པ་ལྟར་ལོ་གསར་ཟེར་དུས་ཞབས་བྲོ་རྐང་པ་ཆག་ལ་ཁད་བརྒྱབ་རྒྱུ་ཡོད་ཀྱང་དེ་ལྟར་རྒྱོབས།        ཡང་ན་བོད་གཞུང་བཀའ་ཤག་གིས་དགེ་སྐྱོན་དཔྱད་ནས་གསུངས་པའི་བཀའ་སློབ་ལ་བརྩི་བཀུར་གྱིས་དེ་དེ་བཞིན་གསུངས་པའི་ལམ་ལ་ཞུགས་ཐབས་བྱོས།        སེམས་གཏིང་ནས་དོན་དག་གཞན་དག་ཅིག་བྱེད་དགོས་ཀྱིན་དགོས་ཀྱིན་ཡང་ཕྱི་ལོགས་ནས་བསྟུན་མཁས་ཡིན་མདོག་དང་གུས་བརྩི་ཡོད་མདོག་གི་རྣམ་འགྱུར་ཞིག་ཀྱང་སྟོན་ཐབས་བྱེད་དགོས་པ་ད་ཅི་བྱས་སོང་བ་རེད།

    གནད་དོན་ལུག་གི་རིལ་མ་ལྟ་བུའི་ཆུང་ཆུང་འདི་འདྲ་ཞིག་གི་ཐོག་ལ་ཁ་འདུམ་རྒྱུ་དང་ལག་འགྲིག་རྒྱུ་ཞིག་མེད་པར་རྩ་དོན་ཐོག་རྡོག་རྩ་གཅིག་བསྒྲིལ་ཟེར་བ་ཁ་ཐག་རིང་རང་དྲགས་ས་མ་རེད་དམ།        

    Reply
  12. ལྷོ་ཕྲུག་སྣ་བོ་ཆེ། says:
    ལོ་ 15 སྔོན།

    བཀའ་ཤག་གིས་གཞུང་ཞབས་པ་རྣམས་ལ་ལོ་སར་སྤྲོ་སྐྱིད་ཀྱི་རྣམ་པས་གཏོང་མི་ཆོག་སྐོར་བསྒྲགས་པ་དེས། གཞུང་འབྲེལ་མ་ཡིན་པའི་ཚོགས་པ་ཁག་ལའང་བྱེད་ཁག་པོ་བཟོས་འདུག

    སྐད་ཆ་འདིས་ཡང་སྙིང་དོན་དག་ག་རེ་ཤོད་ཀྱིན་ཡོད་པ་རེད། གཞུང་འབྲེལ་མ་ཡིན་པའི་ཚོགས་པ་ཁག་ལ་མང་གཙོའི་གོ་རྟོགས་མི་འདུག་ཟེར་གྱིན་ཡོད་པ་རེད་དམ་ཡང་ན་གཞུང་འབྲེལ་མ་ཡིན་པའི་ཚོགས་པ་འདི་ཚོས་དོན་དག་གཅིག་གི་ཐད་བཀའ་ཤག་དང་ཐུག་དུས་སུ་རྣམ་འགྱུར་ཀྱོག་ཀྱོག་ཞིག་དང་ཡང་གནས་དུས་གཞན་དག་གི་ཚེ་རྣམ་འགྱུར་ལོགས་ཀ་ཞིག་སྟོན་གྱི་འདུག་ཟེར་གྱིན་ཡོད་པ་གང་རེད།

    མང་གཙོའི་ལམ་སྲོལ་གཙང་མ་ཞིག་གི་ཐོག་ལ་འགྲོ་མཁན་ཞིག་གི་ངོས་ནས་བཤད་ན་གནད་དོན་འདི་ཚོ་འགྲམ་རུས་ལག་སྐྱོར་གྱིས་མནོ་བསམ་གཏིང་ཟབ་གཏོང་དགོས་ས་དེ་འདྲ་ཅི་ཡང་མ་རེད། འོན་ཀྱང་འགའ་ཞིག་གིས་སོ་སོའི་འདོད་བློ་དང་འཚམ་མིན་གྱི་ཐོག་ནས་དོན་དག་འདི་ཚོ་སྤྱི་ཚོགས་ཆུང་ཆུང་གི་ནང་སྡོམ་ཐག་ལྟ་བུའི་རྙོག་འཛིངས་ཡོད་པ་ཞིག་ཏུ་བསྒྱུར་གྱི་ཡོད།

    Reply
  13. ཆོས་བཟང་། says:
    ལོ་ 15 སྔོན།

    བུད་མེད་ཚོགས་པར་དམིགས་བསལ་གྱིས་ལོ་སར་གཏང་བཅུག་དགོས། བུད་མེད་ཀྱི་སྟོབས་ཤུགས་འཕེལ་དགོས་ན་ཞལ་ལག་ཡག་པོ་མ་ཟོས་ན་ག་བ་ཡོང་གི་རེད།

    Reply
  14. བྲག་འགོ་དཀོན་མཆོག་དར་རྒྱས། says:
    ལོ་ 15 སྔོན།

    བྱེད་ཞོར་

    Reply
  15. བྲག་འགོ་དཀོན་མཆོག་དར་རྒྱས། says:
    ལོ་ 15 སྔོན།

    ་་་་གལ་སྲིད་ལོ་གསར་གཏོང་དགོས་དགོང་གི་འདུག་ན་་་་ཉམས་ཆུང་ཆུང་ཞིག་གིས་ལོ་གསར་བསུ་རོག་ཞེས་རེ་བསྐུལ་ཞུ་རྒྱུ་ཡིན་་་་
    ་་་་གཞན་ཡུལ་གྱི་ལོ་གསར་ལ་ཽཕ་ཡུལ་ཡོད་དུས་བཞིན་སྐྱིད་པོ་ཁྱོན་ནས་མི་འདུག་ལ།
    ་་་ད་དུང་སྤུན་མང་པོའི་ཚེ་སྲོག་ཤོར་བ་དང་་སྤུན་ཟླ་་མི་ཉུང་བ་ཞིག་བཙན་འོག་ན་མ་ཤི་སྨྱལ་བ་དངོས་སུ་མྱོང་བཞིན་ཡོད་པ་ཚང་མས་མཁྱེན་གསལ་ལྟར་རེད་་
    ་་དེ་ནི་ཁོང་ཚོ་འགྲིག་གི་མི་འདུག་གསུངས་ནས་དམར་པོའི་ཁྲིམས་འོག་ཏུ་འཛུས་པ་ཞིག་གཏན་ནས་མིན་་་་ལ་་་་ཚེ་སྲོག་ལ་དགོས་པ་མི་འདུག་གསུངས་ནས་་་རྒྱ་དམག་གི་མཚོན་ཆའི་མདུན་དུ་མཆོང་བ་ཞིག་ཀྱང་དེ་བས་མ་རེད།
    ་་་་
    ་་་་མི་རིགས་ཞིག་ལ་དགོས་པའི་རང་དབང་དང་མི་་་རིགས་ཞིག་འཚོ་གནས་ལ་གང་དགོས་པའི་རེ་འདུན་བཏོན་ནས་རང་གི་གཅེས་ནོར་གྱི་ཚེ་སྲོག་ཤོར་་ཞིང་་བཙོན་ཁང་དུ་ཞུགས་དགོས་བྱུང་སོང་བ་འབའ་ཞིག་ཡིན།
    ་་་་་
    ་་་་་རྒྱ་ནག་གཞུང་གིས་རྒྱུག་ཁྱི་རྣམས་བེད་སྤྱོད་བྱེད་སྦྱོར་་་ལོ་གསར་བཀྲ་རྒྱས་པོ་དགོས་པའི་བསྐུལ་མ་ག་ཚད་གནང་གི་མི་འདུག་གམ།
    ་་་
    ་་

    Reply
  16. ཚིག་གཏེར། says:
    ལོ་ 15 སྔོན།

    གཞུང་ཞབས་དེ་འདྲའི་ལག་གང་ལ་འཁེལ་་་་་་གང་ཡིན་ས་ཞིག་ནས་ཤོར་རྒྱུ་རེད་་་་ང་ཚོས་བལྟ་ཆོག་་་་་ནམ་ཡིན་ཡང་འགའ་ཤས་ཤིག་ལ་རང་ཉིད་གཅིག་པུ་ལས་ཅི་མེད་པས་ཁག་པོ་མེད་འགྲོ

    Reply
  17. སྟོབས་ says:
    ལོ་ 15 སྔོན།

    ལོ་སར་གྱི་གནས་ཚུལ་་དང་སྤྲགས་བསམ་བློ་གསར་བ་ཞིག་མི་གཏོང་ཐབས་མེད་བྱུང་། སྟོང་ལོ་༨ གྱི་ཞི་རྒོལ་གྱིས་བོད་མི་ཡོད་ཅོག་རྡོག་རྩ་གཅིག་བསྒྲིལ་གྱི་འདུ་ཤེས་རྙེད་ཡོད ། དེ་ནི་རྒྱལ་ཁ་ཞིག་རེད་བསམ་ཡོད ། མྱི་ངན་གྱི་ལོ་ཟླ་ཕར་འདས་སོང་ ། ཡར་བསྐྱར་ལོ་ཟླ་འདི་མྱི་ངན་གྱི་དུས་ཚོད་ཞིག་ལ་ངོས་འཛིན་དགོས་ན་སང་ལོའངལོ་སར་ངོས་འཛིན་ཇི་ལྟར་བྱེད་དགོས

    Reply
  18. ཅོ་རི་ཉི་མ། says:
    ལོ་ 15 སྔོན།

    ཧཧཧཧཧཧདགོངས་དག་བྲིས་ནོར་སོང།
    གཞུང་འབྲེལ་ཐོག་ནས་བོད་མི་ལ་རྒྱབ་སྐྱོབ་ཡོད་ན་༢༠༠༨ལོར་གཞུང་ཞབས་རྣམས་ཀྱིས་རྒྱ་གཞུང་ལ་ངོ་རྒོལ་མི་བྱས་དོན་ཅི་ཡོད་དམ།་་་ཞེས་བཅོས་རོགས་གནང་།

    Reply
  19. ཅོ་རི་ཉི་མ། says:
    ལོ་ 15 སྔོན།

    ག་དུས་ཡིན་ནའང་གཞུང་འབྲེལ་དང་གཞུང་འབྲེལ་མ་ཡིན་པ་ཞེས་གཉིས་གསུངས་ཀྱིན་ཡོད་ལ་ལག་ལེན་ཀྱང་སྟར་གྱིས་ཡོད་པར་རེད།
    དཔེར་ན། ༢༠༠༨་ལོར་བོད་མི་ཚང་མས་རྒྱ་ནག་ལ་ངོ་རྒོལ་བྱས་དུས་གཞུང་ཞབས་ལས་བྱེད་པ་ཚོས་རྒྱ་ནག་དམར་པོས་བཀའ་གསུངས་ཇི་བཞིན་རྒྱ་ནག་གཞུང་ལ་ངོ་རྒོལ་བྱས་མེད་པ་རེད།
    སྐབས་རེ་གཞུང་འབྲེལ་ཐོག་ནས་བོད་མི་ཚེ་སྲོག་ཤོར་བ་རྣམས་ཀྱི་ཆེད་དུ་ལོ་གསར་གཏོང་གིན་མིན་གསུངས་ཀྱིན་ཡོད་རེད།
    གཞུང་འབྲེལ་གྱིས་ཐོག་ནས་བོད་ཕྱི་ནང་གཉིས་ཀྱི་བོད་མི་རྣམས་ཀྱི་འདོད་པ་ལྟར་རྒྱ་ནག་གཞུང་ལ་ཁ་གཏད་ལངས་ཀྱིན་མེད་ལ་དམར་པོའི་རྩ་ཁྲིམས་ལ་སློབ་སྦྱོང་བྱེད་འགོ་རྩམ་ནས་བྱེད་མི་ཆོག་པ་བཞི་ཞེས་བཙན་བྱོལ་སྤྱི་ཚོགས་ནང་དུ་ཁུར་ནས་སླེབས་ཡོད།
    ལོ་གསར་གཏོང་མི་གཏོང་ཙམ་གྱིས་བོད་མི་རྣམས་ལ་སེམས་གསོ་ཡོང་ཐབས་མེད་ལ་བོད་མི་རྣམས་ཀྱིས་རྒྱ་ནག་དམར་པོའི་རྩ་ཁྲིམས་ལ་ངོས་ལེན་བྱེད་སེམས་རྩ་བ་ནས་མེད།
    གཞུང་འབྲེལ་ཐོག་ནས་བོད་མི་ལ་རྒྱབ་སྐྱོབ་ཡོད་ན་༢༠༠༨ལོར་གཞུང་ཞབས་རྣམས་ཀྱིས་རྒྱ་གཞུང་ལ་ངོ་རྒོལ་བྱས་མི་དོན་ཅི་ཡོད་དམ།
    ག་དུས་ཡིན་ཡང་གཞུང་འབྲེལ་དང་གཞུང་འབྲེལ་མ་ཡིན་པ་ཟེར་ནས་བཙན་བྱོལ་བོད་མི་ཁ་གཉིས་ཕྱེ་སྡོད་པ་ཡིན་ན་ཡག་པོ་མི་འདུག་སྙམ།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese