ཕྱི་ཚེས་ ༡༨ ཉིན། ཀན་སུའུ་ཞིང་ཆེན་དམར་ཤོག་འཐུས་ཚོགས་ཀྱི་རྒྱུན་ལས་དང་དྲིལ་བསྒྲགས་ལས་ཁང་མགོ་གཙོ་ལིས་ཞའོ་ཅེ་ཡིས་ཞིང་ཆེན་གྱི་བསམ་བློ་དྲིལ་བསྒྲགས་བྱ་བའི་ཚོགས་འདུའི་སྟེང་བརྗོད་དོན། ད་ལོ་ཀན་སུའུ་ཞིང་ཆེན་གྱིས་དྲ་བར་ཞིབ་བཤེར་སྟངས་འཛིན་དང་། དྲ་ངོས་སུ་དམར་ཤོག་པའི་བསམ་བློ་དྲིལ་བསྒྲགས་བྱེད་པའི་དྲ་ཐོག་དཔྱད་བརྗོད་པ་ ༦༥༠ ལྷག་རྩ་འཛུགས་བྱས་ཡོད་པ་དང་། དེའི་ཁྲོད་དྲ་ཐོག་གླེང་བརྗོད་པ་རྩེར་སོན་ ༥༠ དང་། གླེང་བརྗོད་པ་ལེགས་གྲས་ ༡༠༠། སྤྱིར་བཏང་གླེང་བརྗོད་པ་ ༥༠༠ བཅས་ཡོད་ཚུལ་ཁྱབ་བསྒྲགས་བྱས་ཡོད།
ཨ་རིའི་ <<རྒྱ་ནག་ཆ་འཕྲིན་ལྟེ་གནས>> ཀྱི་གཙོ་སྒྲིག་པ་ཡཱང་ལིས་ལིས་བརྗོད་དོན། དེ་སྔོན་དྲ་ངོས་སུ་དམར་ཤོག་པའི་ལྟ་བ་དྲིལ་བསྒྲོགས་ཀྱི་གླེང་བརྗོད་རེ་སྤེལ་ན་གླ་དངུལ་ཟུར་ལྔ་རེ་སྤྲོད་ཀྱིན་ཡོད་པས་ན་དམངས་ཁྲོད་དུ་ཁོ་ཚོར་”ཟུར་ལྔའི་དམར་ཤོག་པ” ཞེས་འབོད་ཀྱིན་ཡོད། དྲ་ཐོག་གི་ཟུར་ལྔའི་དམར་ཤོག་པ་དེ་དག་ནི་ཕྱི་ལོ་ ༢༠༠༥ ནས་བཟུང་མགོ་བཙུགས་ཡོད་པ་དང་། རྩ་འཛུགས་ཆེས་སྔ་ཤོས་ཀྱི་ས་ཁུལ་ནི་ཧུའུ་ནན་ཞིང་ཆེན་རེད། རྗེས་སུ་ཁོ་ཚོས་ཐབས་ཤེས་དེར་ནུས་པ་ལྡན་པར་ངོས་འཛིན་གྱིས། རིམ་བཞིན་ཞིང་ཆེན་ས་ཁུལ་གཞན་དག་ཏུའང་རྩ་འཛུགས་བྱེད་མགོ་ཚུགས་ཡོད། ད་དུང་མཚམས་ལན་རེར་དྲ་ངོས་ནས་ལས་ཁུངས་རེ་འགའི་མིང་ཐོག་ནས་དྲ་ཐོག་གླེང་བརྗོད་པ་བསྡུ་ལེན་གྱི་བརྡ་ཐོ་རེ་འགའ་མཐོང་རྒྱུ་འདུག ཆ་རྐྱེན་འདྲ་མིན་སྣ་ཚོགས་བཏོན་འདུག་ནའང་། ཐོག་མའི་ཆ་རྐྱེན་གཙོ་བོ་ནི་རྒྱ་ནག་དམར་ཤོག་པའི་གཞི་རྩའི་ལམ་ཕྱོགས་བཞི་རྒྱུན་སྐྱོང་དང་དམར་ཤོག་པའི་སྲིད་ཇུས་ཤེས་དགོས་པ་དེ་རེད། དྲ་ཐོག་གླེང་བརྗོད་པ་དག་གི་ལས་འགན་ནི། དུས་རྒྱུན་དམངས་ཁྲོད་དུ་ཤུགས་རྐྱེན་ངེས་ཅན་ལྡན་པའི་དྲ་ངོས་དག་ལ་ལྟ་ཀློག་བྱས་ཏེ། དྲ་ངོས་སུ་ཐོན་པའི་མི་དམངས་ཀྱི་གླེང་ཕྱོགས་འདྲ་མིན་གྱི་ཁ་ཕྱོགས་བསྒྱུར་ཏེ་དམར་ཤོག་པའི་བསམ་བློ་བརྒྱུད་སྒྲོག་བྱེད་རྒྱུ་དེ་རེད་ཟེར།