བཀའ་ཁྲི་དང་སྤྱི་འཐུས་གང་ཡིན་རུང་ས་གནས་ཁག་དང་མི་མང་ལ་གཏམ་གཤད་སྤེལ་བ་དང་རང་ཉིད་ཀྱི་ལས་དོན་ཅི་བསྒྲུབ་སོགས་ཕན་ཚུན་བགྲོ་གླེང་དང་དྲི་བ་དྲིས་ལན་གནང་བ་ཡིན་ན། ང་ཚོས་མི་དེའི་འཇོན་ཐང་དང་ལྗིད་ཁོག་གང་འདྲ་ཡིན་མིན་གསལ་བོ་ཤེས་འོང་གི་རེད་ཅེས་ཀིརྟི་རིན་པོ་ཆེ་མཆོག་གིས་གསུངས་ཡོད།
ཁ་སང་ཞོགས་པའི་ཆུ་ཚོད་ ༡༠ དང་ཕྱེད་ཀའི་སྟེང་བོད་ལྗོངས་མདོ་སྨད་ཆོལ་ཁའི་སྐབས་བཅུ་བཞི་བའི་དམིགས་བསལ་ཚོགས་ཆེན་དེ་བཞུགས་སྒར་ཀིརྟི་བྱེས་པ་གྲྭ་ཚང་གི་དཔེ་མཛོད་ཁང་དུ་སྐུ་མགྲོན་གཙོ་བོར་བཀའ་ཟུར་ཀིརྟི་རིན་པོ་ཆེ་མཆོག་དང་དམིགས་བསལ་སྐུ་མགྲོན་བོད་མི་མང་སྤྱི་འཐུས་ཚོགས་གཙོ་སྤེན་པ་ཚེ་རིང་མཆོག་གཙོས། མདོ་སྨད་སྤྱི་འཐུས་ལས་ཐོག་དང་སྤྱི་ཟུར། ངྷ་ས་ས་གནས་མགོ་འཛིན་དང་ས་གནས་གྲོས་ཚོགས་ཀྱི་ཚོགས་གཙོ། གཞུང་འབྲེལ་མ་ཡིན་པའི་ཚོགས་པ་ཁག་གི་འགན་འཛིན་དང་ཕྱོགས་མཐའ་ཁག་ནས་ཕེབས་པའི་ས་རྒྱུན་དང་ཟུར་ཉན་པ་བཅས་འདུ་འཛོམས་ཐོག་སྐུ་མགྲོན་གཙོ་བོ་མཆོག་གིས་༧གོང་ས་མཆོག་གི་སྐུ་པར་མཐོང་གྲོལ་རིན་པོ་ཆེར་ཁ་བཏགས་བསྟར་འབུལ་དང་མར་མེ་ཞལ་འབྱེད་གནང་རྗེས་ཚོགས་འདུ་དངོས་སུ་དབུ་འབྱེད་གནང་ཡོད། ཚོགས་འདུའི་ཐོག་མར་མདོ་སྨད་དབུས་རྒྱུན་ཚོགས་གཙོ་ཡེ་ཤེས་སྒྲོལ་མ་ལགས་ཀྱིས་གཏམ་བཤད་གནང་དོན། ཐེངས་འདིའི་དམིགས་བསལ་ཚོགས་ཆེན་འདི་ནི་སྐབས་སྔོན་མའི་གྲོས་ཆོད་དོན་ཚན་གསུམ་པའི་ནང་གསེས་གཉིས་པའི་ནང་དོན་ལྟར། མ་འོངས་པའི་བཀའ་ཁྲི་དང་སྤྱི་འཐུས་སྔོན་འགྲོའི་འོས་གཞི་ཚད་ལྡན་ཡོང་ཐབས་སུ་སྐོང་འཚོགས་གནང་བ་ཞིག་ཡིན་ལ། འདི་ལོ་ནི་བོད་མི་ཡོད་དོ་ཅོག་གིས་ ༢༠༡༡ ལོའི་བཀའ་ཁྲི་མི་གང་འདྲ་ཞིག་འདེམས་མིན་ཐད་དོ་སྣང་དང་ཞིབ་འཇུག གྲ་སྒྲིག་བཅས་བྱ་དགོས་པའི་དུས་ཚོད་ཅིག་ཆགས་ཡོད་སྟབས། ང་ཚོས་༧གོང་ས་མཆོག་གི་དགུང་གྲངས་དང་ཉག་ཕྲ་བའི་ཆབ་སྲིད་ཀྱི་གནས་བབ། རྒྱ་མིའི་རྒྱལ་སྤྱིའི་ནང་གི་གནས་སྟངས་སོགས་ཕྱོགས་ཡོངས་ལ་གཞིགས་ཏེ་༧གོང་ས་མཆོག་གི་དགོངས་གཞི་རྟོགས་ཐུབ་མཁན་དང་ལམ་དབུ་མའི་སྲིད་བྱུས་ཐོག་ཤར་བསྐྱོད་བྱ་ཐུབ་མཁན། བོད་མི་རིགས་དང་རྒྱལ་ཁབ་ལ་ལྷག་བསམ་དང་ཤ་ཚ་ཡོད་པའི་མི་ཞིག་འདེམས་ཐུབ་པར་བྱ་དགོས་པ་རེད། དེ་ནི་བོད་མི་སྤྱི་བོ་གནམ་བསྟན་ཡོངས་ཀྱི་འོས་འགན་ཡང་རེད་བསམ། དེ་བས་ང་ཚོས་ཐེངས་འདིའི་ཚོགས་ཐོག་ཏུ་བཅར་བའི་ས་རྒྱུན་ཚང་མར་བཀའ་ཁྲི་དང་སྤྱི་འཐུས་འོས་འདེམས་ཐད་དོ་སྣང་དང་གྲ་སྒྲིག་གནང་དགོས་པའི་རེ་བ་དང་འབོད་སྐུལ་བྱ་ཆེད་དམིགས་བསལ་ཚོགས་ཆེན་སྐོང་འཚོགས་གནང་བ་ཡིན་ལ། དེ་དང་ཆབས་ཅིག་འགན་འཛིན་ལྷན་ཚོགས་ཤིག་ཀྱང་སྐོང་འཚོགས་གནང་སྟེ་མ་འོངས་བའི་བཀའ་ཁྲི་དང་སྤྱི་འཐུས་འོས་འདེམས་བྱེད་ཕྱོགས་ཐད་བགྲོ་གླེང་གོ་བསྡུར་གནང་འཆར་ཡོད་ཅེས་བརྗོད་བྱུང་།
དམིགས་བསལ་སྐུ་མགྲོན་བོད་མི་མང་སྤྱི་འཐུས་ཚོགས་གཙོ་སྤེན་པ་ཚེ་རིང་མཆོག་གིས། བཀའ་ཁྲི་དང་སྤྱི་འཐུས་འོས་གཞི་གང་ཡིན་ཡང། ཐོག་མར་རང་ཉིད་ཀྱི་བསམ་ཚུལ་དང་རེ་བ། མངོན་འདོད་གང་ཡིན་པ་དེ་གང་ཟག་དེས་བསྒྲུབ་ཐུབ་མིན་ལ་ལྟ་དགོས་སྟབས། ཐོག་མའི་ཆ་རྐྱེན་རང་ཉིད་ཀྱི་ལངས་ཕྱོགས་གསལ་བོ་ཆགས་དགོས་པ་རེད། རང་ཉིད་གསལ་བོ་མེད་པ་ཡིན་ན་འོས་སུ་ལ་ལྡུག་མིན་ཡང་གསལ་བོ་ཆགས་མི་ཐུབ་སྟབས། རང་ལ་མི་གང་འདྲ་ཞིག་དགོས་མིན་དང་༧གོང་ས་མཆོག་གི་དགོངས་གཞི་བསྒྲུབ་ཐུབ་མཁན་གཙོ་བོར་འཇོག་དགོས་པ་རེད་བསམ། དེ་བཞིན། ཆབ་སྲིད་ཀྱི་གནད་དོན་ཐོག་ནས་ཀྱང་རྒྱལ་བ་རིན་པོ་ཆེའི་དགོངས་གཞི་དང་ཉེ་བོ་ཡོད་མཁན་ཞིག་དང་བཀའ་གསལ་བོ་རྟོགས་ཤིང་བསྒྲུབ་ཐུབ་མཁན་ཞིག་དགོས་རྒྱུ་གལ་ཆེན་པོ་རེད། བཀའ་ཁྲི་ནི་རྒྱལ་བ་རིན་པོ་ཆེའི་འོག་གི་ཆབ་སྲིད་ཀྱི་འགན་བཞེས་མཁན་གཙོ་བོ་དེ་ཡིན་ཞིང་། དུས་རྒྱུན་དུ་ཁོང་དང་མཉམ་དུ་འབྲེལ་བ་ཟབ་མོ་ཞིག་ཡོད་པའི་དབང་གིས། ཁོང་ལ་བསམ་ཚུལ་གང་ཡོད་པ་དེ་རྒྱལ་བ་རིན་པོ་ཆེར་ཡར་ཞུ་བྱ་ཐུབ་དགོས་པ་རེད། དེ་ལྟར་ཞུ་མ་ཐུབ་པ་ཡིན་ན་འགྲིག་གི་ཡོད་པ་མ་རེད། སྤྱི་ཡོངས་ཀྱི་ཆབ་སྲིད་ཀྱི་འགན་དེ་རྒྱལ་བ་རིན་པོ་ཆེས་བཞེས་ཀྱིན་ཡོད་སྟབས། སྤྱི་ཚོགས་ནང་མི་གང་འདྲ་ཞིག་ཡོད་པ་ཡིན་ནའང་རྒྱལ་བ་རིན་པོ་ཆེ་ལས་ལྷག་པའི་བོད་ཀྱི་གནད་དོན་མཁྱེན་མཁན་ཞིག་མེད་པ་གསལ་བོ་གསལ་རྐྱང་རེད། དེ་བས་ང་རང་གིས་བསམ་ན་རྒྱལ་བ་རིན་པོ་ཆེའི་དགོངས་གཞི་གཙོ་བོ་འཛིན་རྒྱུ་གལ་ཆེན་པོ་རེད་བསམ། རྒྱུ་མཚན་དང་ལངས་ཕྱོགས་མེད་པར་ཚོར་བ་གཅིག་པུའི་སྟེང་ཕྱིན་པ་ཡིན་ན་རྒྱུ་མཚན་གང་ཡང་ཡོད་པ་མ་རེད། བཀའ་བློན་ཁྲི་པ་དེ་ཕོ་མོ་དང་སྐྱ་སེར་། ཆོལ་ཁ་ཆོས་ལུགས་སོགས་ཅི་ཡིན་ཡང་ཁྱད་པར་མེད་པར་རྒྱལ་བ་རིན་པོ་ཆེའི་དགོངས་གཞི་ལྟར་སྒྲུབ་ཐུབ་པ་ཡིན་ན་འགྲིག་པ་རེད། རྩིས་རྒྱག་མ་ཐུབ་པར་སེམས་ཀྱི་ཚོར་བ་ཤུགས་ཆེ་དྲག་སྟེ་ང་ཚོ་མདོ་སྨད་ཡིན་ཅེས་མདོ་སྨད་པ་ཞིག་ལ་འོས་བླུག་པ་ཡིན་ན་ང་ཚོ་ནོར་གྱིན་ཡོད་པ་རེད། དེ་བཞིན་སྤྱི་འཐུས་ལ་མཚོན་ནའང་ཧ་ཅང་གལ་ཆེན་ཡིན་སྟབས། སྤྱི་འཐུས་ཚད་དང་ལྡན་པ་ཞིག་ཡོང་ཐབས་ཀྱང་ང་ཚོས་ནམ་རྒྱུན་ནས་དོ་སྣང་དང་སོ་སོའི་མངོན་འདོད་དང་མཐུན་པའི་སྤྱི་འཐུས་འོས་གཞི་སླེབས་པའི་ཐོག་ལའང་བསམ་བློ་གཏོང་རྒྱུ་གལ་ཆེན་པོ་རེད་ཅེས་གསུངས་བྱུང་།
མཐའ་མར་སྐུ་མགྲོན་གཙོ་བོ་བཀའ་ཟུར་ཀིརྟི་རིན་པོ་ཆེ་མཆོག་གིས། བཀའ་ཁྲིའི་སྐོར་ལ་སྤྱི་སྒེར་ཕྱོགས་ཡོངས་ཀྱིས་ཚོགས་འདུ་ཐེངས་མང་འཚོགས་ཡོད་སྟབས། བཀའ་བློན་ཁྲི་པ་ག་རེ་ཡིན་མིན་ཐད་མང་ཚོགས་ནང་མ་རྟོགས་པ་ཕལ་ཆེར་མེད་པ་ལྟ་བུ་ཆགས་ཡོད་པ་རེད། ང་ཚོར་གཙོ་བོ་ཅི་ཞིག་ལྷག་ཡོད་པ་རེད་ཅེ་ན། བཀའ་ཁྲིར་སུ་འགྲོ་དགོས་པ་དང་སུ་ཡོད་མེད་བཙལ་དགོས་པ་དེ་རེད། ཡིན་ནའང་། བཙལ་བའི་དུས་སུ་ཧ་ཅང་དཀོན་པོ་ཆགས་ཏེ་ལྷག་བསྡད་ཡོད་པ་རེད། འདི་ལྟར་ཆགས་པའི་རྒྱུ་མཚན་མི་མང་གིས་འགན་ལེན་སྟངས་ཀྱི་ཐོག་ནས་མ་འཁྱོངས་པ་རེད་བསམ། གང་ཡིན་ཞེ་ན། མི་ཆེན་པོ་ཞིག་གི་འོག་ནས་གསོ་སྐྱོང་བྱས་ཏེ་ཡར་ཐོན་ཡོང་དགོས་པ་ཡིན་དུས། ང་ཚོ་མང་ཚོགས་ཀྱི་ངོས་ནས་བསྒྲུབ་ཐུབ་ཡོད་པ་མ་རེད། དཔེ་དང་པོ། ད་ལྟ་སྤྱི་འཐུས་འོས་བསྡུ་ལངས་རྒྱུ་དེ་རེད། སྤྱིར་ཡིན་ན་བོད་མིའི་ཁྲོད་ཀྱི་མི་ཡག་ཤོས་དེ་ཚོ་སྤྱི་འཐུས་དང་ཚོགས་པ་ཁག་གི་ནང་སླེབས་ཐུབ་དགོས་ཀྱིན་ཡོད་པ་རེད། ཡིན་ནའང་། དེ་ལྟར་བྱུང་ཡོད་པ་མ་རེད། གལ་སྲིད་དེ་ལྟར་གནང་ཡོད་ན། ང་ཚོས་མི་ནུས་པ་ཅན་མང་པོ་ཞིག་ངོ་ཤེས་ཡོད་པ་རེད། མི་སྟོང་ཕྲག་བརྒྱ་དང་ལྔ་བཅུ་ཙམ་གྱི་ནང་དུ་ཤེས་འཇོན་ཅན་མི་གཅིག་གཉིས་ཤིག་མ་གཏོགས་གྲངས་ཀ་རྒྱག་རྒྱུ་མེད་པའི་གནས་སྟངས་འདི་ཆགས་ཀྱི་མ་རེད་བསམ། ཡིན་ནའང་། ད་ཕྱིན་ཆད་འོག་ནས་གསོ་སྐྱོང་བྱ་དགོས་པ་དེ་གལ་ཆེན་པོ་རེད་བསམ། གང་ཡིན་ཞེ་ན། ད་ལྟའི་བཀའ་བློན་ཁྲི་པ་དེ་སྐུ་མདུན་དགུང་ལོ་བདུན་ཅུར་ཕེབས་སྐབས་ཀྱི་བཀའ་བློན་ཞིག་རེད། སྐབས་རྗེས་མ་དེ་སྐུ་མདུན་དགུང་ལོ་བརྒྱད་ཅུར་ཕེབས་སྐབས་ཀྱི་བཀའ་ཁྲི་རེད། ད་ལྟ་ང་ཚོས་བསྒྲུབ་དགོས་པ་འོག་མ་དེ་ཡིན་སྟབས། ང་ཚོས་གོ་སྒྲིག་དང་འཆར་གཞི་བཏང་སྟེ་གསོ་སྐྱོང་བྱ་དགོས་པ་རེད། གསོ་སྐྱོང་ཡག་པོ་ཞིག་བྱེད་ཐུབ་པ་ཡིན་ན། མི་ཡག་པོ་གང་ཡོད་པ་དེ་ང་ཚོས་ཤེས་འོང་གི་རེད། མང་ཚོགས་ལ་མཚོན་ནའང་བཀའ་ཁྲིིའི་འོས་ཤོག་ཐད་འགན་འཁུར་མཁན་ཧ་ཅང་ཉུང་ཉུང་རེད་ཅེས་གསུངས་བྱུང་ལ། དེ་བཞིན། ན་ནིང་སྤྱི་འཐུས་གྲོས་ཚོགས་ཀྱི་མཇུག་བསྡུ་མ་ཐུབ་པ་ཆགས་པ་དེ། ཕྱོགས་གཅིག་ནས་སྐྱོན་ཆེན་པོ་རེད། བཀའ་མོལ་གནང་སྟངས་ཀྱང་ཧ་ཅང་སྐྱོ་བོ་རེད། ཕྱོགས་གཞན་གཅིག་ནས་ཡོན་ཏན་ཅིག་ཀྱང་ཏན་ཏན་ཡོད་པ་རེད། མང་གཙོའི་ནང་དུ་ག་རེ་ཡིན་ཡང་སྒྲུབ་ཐུབ་ཀྱིན་ཡོད་པ་དང་། མི་གཅིག་གིས་བཀའ་གནང་བ་ལྟ་བུ་མ་ཡིན་པ་དེ་གསལ་བོ་ཆགས་པ་རེད། ཡིན་ན་ཡང་། དོན་དག་ཆུང་ཆུང་ཞིག་གི་སྟེང་ནས་ཚོགས་འདུ་མཇུག་བསྡུ་མ་ཐུབ་པ་དེ་ཧ་ཅང་ཐབས་སྐྱོ་བོ་རེད། བོད་ཀྱི་རྩ་དོན་དང་འབྲེལ་བའི་དོན་དག་ཆེན་པོ་ཞིག་གི་སྟེང་ནས་དེ་ལྟར་ཚོགས་འདུ་མཇུག་བསྡུ་མ་ཐུབ་པ་ཡིན་ཚེ་དངོས་གནས་ཡག་པོ་རེད། ཡིན་ནའང་། མི་མང་གི་ངོས་ནས་སྐབས་དེར་མཇུག་སྒྲིལ་མ་ཐུབ་པའི་ཐད་རྩོམ་ཡིག་ཁ་ཤས་ཤིག་སྤེལ་ཡོད་པ་དང་མང་ཚོགས་ནང་ཁུལ་ཏུ་སྐད་ཆ་བཤད་མཁན་ཁ་ཤས་བྱུང་ཡོད་པ་ལས་འགན་བླངས་ཡོད་པ་མ་རེད། དེར་བརྟེན་སྤྱི་འཐུས་ཀྱིས་འགན་བླངས་མེད་པ་དེ་བཞིན་ང་ཚོ་མི་མང་གིས་ཀྱང་འགན་བླངས་ཡོད་པ་མ་རེད། རྒྱལ་བ་རིན་པོ་ཆེས་འགན་དབང་ཡོངས་རྫོགས་ཕལ་ཆེར་སྤྱི་འཐུས་ལྷན་ཁང་ལ་གནང་ཡོད་པ་རེད། ང་ཚོས་ཁོང་ལ་ཞབས་ཞུ་བསྒྲུབ་ན། འགན་དབང་དེ་ང་ཚོ་མི་མང་གིས་ལེན་དགོས་པ་རེད། མི་མང་གི་འགན་དེ་སྤྱི་འཐུས་ཀྱིས་ལེན་དགོས་པ་རེད། སྤྱི་འཐུས་ཀྱི་འགན་དབང་མི་མང་གིས་འཛིན་དགོས་པ་རེད། གལ་སྲིད་སྤྱི་འཐུས་ལ་དབང་འཛིན་མཁན་ཞིག་མེད་པ་དང་རྗེས་མར་སྤྱི་འཐུས་དང་བཀའ་ཤག་གཅིག་པ་ཆགས་པ་ཡིན་ན། ལས་དོན་གང་ཡིན་ཡང་མི་རེ་ཟུང་ཞིག་གི་འདོད་པ་ལྟར་བསྒྲུབ་ངེས་སྟབས། དེ་མི་ཆགས་པའི་ཆེད་ང་ཚོས་གཏིང་རིང་ས་ནས་ཤུགས་རྒྱག་རྒྱུ་དེ་གལ་ཆེན་པོ་རེད་ལ། མ་འོངས་པའི་བཀའ་ཁྲི་དང་སྤྱི་འཐུས་གང་ཡིན་རུང་འོས་གཞི་དང་འོས་གཞིའི་འགྲོ་སྟངས་ཐོག་འགྱུར་བ་གཏོང་དགོས་ཀྱི་འདུག བཀའ་ཁྲི་དང་སྤྱི་འཐུས་གང་ཡིན་རུང་ས་གནས་ཁག་དང་མི་མང་ལ་གཏམ་གཤད་སྤེལ་བ་དང་རང་ཉིད་ཀྱི་ལས་དོན་ཅི་བསྒྲུབ་སོགས་ཕན་ཚུན་བགྲོ་གླེང་དང་དྲི་བ་དྲིས་ལན་གནང་བ་ཡིན་ན་ང་ཚོས་མི་དེའི་འཇོན་ཐང་དང་ལྗིད་ཁོག་གསལ་བོར་ཤེས་འོང་གི་རེད་བསམ། དེའི་ཕྱོགས་ལ་བསམ་བློ་གཏོང་རྒྱུ་གལ་ཆེན་པོ་རེད་ཅེས་གསུངས་བྱུང་བ་མ་ཟད། ཆབ་སྲིད་ཚོགས་པ་ཟུར་དུ་འཛུགས་དགོས་པའི་སྐོར་དང་དེའི་དགེ་བ་གང་འདྲ་ཡིན་མིན་སོགས་ཀྱི་ཐད་ནས་ལམ་སྟོན་བཀའ་སློབ་གནང་བ་དང་འབྲེལ། ད་ལྟའི་བར་གྱི་མདོ་སྨད་མི་མང་གིས་བོད་བསྟན་པ་ཆབ་སྲིད་ལ་དོ་སྣང་དང་ནུས་པ་གང་ཡོད་བཏོན་པར་ཐུགས་རྗེ་ལེགས་གསོལ་གྱི་བསྔགས་བརྗོད་དང་མ་འོངས་པར་མུ་མཐུད་རང་ནུས་ཡོད་དགུའི་འབད་བ་བྱ་དགོས་པའི་རེ་སྐུལ་ཡང་གནང་སོང།
ཐེངས་འདིའི་ཚོགས་ཆེན་གྱི་ཉིན་དང་པོ་དང་གཉིས་པའི་ཉིན་༧གོང་ས་མཆོག་གི་སྐུ་ཕྱཱའི་སྐོར་དང་མ་འོངས་ཤེས་འཇོན་གཉིས་ལྡན་གྱི་བཀའ་ཁྲི་ཡོང་ཐབས་དང་། བོད་མི་མང་སྤྱི་འཐུས་འོས་འདེམས་སྐོར་ལ་ཆ་ཤས་ལེན་ཕྱོགས། དེ་བཞིན་བོད་ཀྱི་བདེན་མཐའ་གསལ་ཐབས་དང་འབྲེལ་བའི་ལས་དོན་དང་ལས་འགུལ་སྤེལ་ཐབས་སོགས་ཀྱི་ཐད་བགྲོ་གླེང་གནང་ཡོད་པ་དང་། མཐའ་མའི་ཉིན་དེར་གྲོས་གཞི་གྲོས་ཆོད་གཏན་འབེབས་གནང་འཆར་ཡོད་འདུག