ཁ་སང་ཕྱི་དྲོ་མདོ་སྨད་རྨ་ཆུ་རྫོང་སློབ་འབྲིང་གི་སློབ་མ་ཚོས་སྣེ་ཁྲིད་དེ་མི་མང་མཉམ་རུབ་ཀྱིས་རྨ་ཆུ་རྫོང་ཐོག་ཏུ་ཞི་བའི་སྐད་འབོད་བྱས་ཡོད་འདུག
རྒྱ་གར་ལྷོ་ཕྱོགས་སྒོ་མང་གྲྭ་ཚང་བྱ་བྲལ་ཁང་ཚན་གྱི་མིང་བརྗོད་འདོད་མེད་པའི་དགེ་འདུན་པ་ཞིག་གིས་འདི་གར་ཁུངས་ལྡན་གནས་ཚུལ་མཁོ་སྤྲོད་བྱས་པ་ལྟར་ན། ཁ་སང་གཟའ་ཉི་མའི་ཉིན་གྱི་ཕྱི་དྲོའི་དུས་ཚོད་ ༤ ཡས་མས་སུ་མདོ་སྨད་ཀན་ལྷོ་བོད་རིགས་རང་སྐྱོང་ཁུལ་རྨ་ཆུ་རྫོང་བོད་ཡིག་སློབ་འབྲིང་གི་སློ་མ་ ༡༥ ལྷག་གི་སྣེ་ཁྲིད་འོག་རྨ་ཆུ་རྫོང་ཐོག་ཏུ་ཡོད་པའི་མི་མང་བརྒྱ་ཕྲག་མང་པོ་མཉམ་འཛོམས་ཐོག་༧རྒྱལ་བ་རིན་པོ་ཆེ་སྐུ་ཚེ་ཁྲི་ལོར་བརྟན་པར་ཤོག ང་ཚོ་ལ་རང་བཙན་དགོས། རྒྱ་མི་བོད་ནས་མཐར་སྐྲོད་བྱོས་ཞེས་འབོད་ཚིག་སྒྲོག་བཞིན་རྨ་ཆུ་རྫོང་ལ་བསྐོར་བ་བརྒྱབས་ཏེ་སྐད་འབོད་བྱས་འདུག རྗེས་སུ་དམག་མི་འབོར་ཆེན་སླེབས་ཏེ་འཛིན་བཟུང་བྱ་འཆར་བྱེད་སྐབས་མི་མང་ཡོངས་རྫོགས་རང་སར་བྲོས་མཐར་འཛིན་བཟུང་གི་གནས་ཚུལ་ཅི་ཡང་བྱུང་མེད་ནའང་། ཁ་སང་ཕྱི་དྲོ་ནས་བཟུང་དམག་མི་འབོར་ཆེན་སླེབས་འདུག་ཅེས་བརྗོད་བྱུང་ལ། ཡང་འབྲེལ་ཡོད་མི་སྣས་མུ་མཐུད་བརྗོད་དོན། ཐེངས་འདིའི་ངོ་རྒོལ་སྐད་འབོད་འདི་ནི་རྨ་ཆུ་རྫོང་སློབ་འབྲིང་གི་སློབ་མ་ཚོས་སྣེ་ཁྲིད་པ་ཞིག་ཡིན་འདུག་ལ། དེ་ཡང་གཙོ་བོ་འདི་ལོ་གསུམ་བཅུའི་དུས་དྲན་ཐེངས་ ༥༡ པའི་ཡར་སྔོན་ནས་བཟུང་རྒྱ་གཞུང་གི་འབྲེལ་ཡོད་མི་སྣས་རྨ་ཆུ་རྫོང་སློབ་འབྲིང་ལ་དམ་དྲག་བྱས་ཏེ་སློབ་མ་གཅིག་ཀྱང་ཕྱིར་མ་བཏང་སྟབས། ཁ་སང་སློབ་མ་ཁག་ཅིག་ཕྱིར་ཤོར་རྗེས་སྣེ་ཁྲིད་ཡོད་འདུག ད་ལྟའི་ཆར་རྒྱ་ནག་གིས་རྨ་ཆུ་རྫོང་ཁོངས་ཀྱི་བརྒྱུད་ལམ་ཡོངས་བཀག་འགོག་བྱས་ཏེ་དྲ་ལམ་དང་ཁ་པར་ཡོངས་བཀག་འགོག་བྱས་འདུག་ཅེས་བརྗོད་བྱུང།
འདི་ལོའི་ཕྱི་ཟླ་ ༡ པོའི་ཚེས་ ༡༡ ཉིན་རྨ་ཆུ་རྫོང་བོད་སློབ་འབྲིང་གིས་བོད་མིའི་སྐྱིད་སྡུག་མཉམ་མྱོང་ཞེས་པའི་བརྗོད་གཞིའི་ཐོག་མང་ཚོགས་རང་བཞིན་གྱི་ཚོགས་འདུ་བསྐོང་འཆར་བྱས་པར། རྒྱ་གཞུང་གིས་ཚོགས་འདུར་བཀག་འགོག་བྱས་ཡོད་པར་མ་ཟད། རྨ་ཆུ་རྫོང་སློབ་འབྲིང་དང་བོད་རིགས་སློབ་ཆུང་གཉིས་སྒོ་བརྒྱབ་དགོས་བྱུང་བ་དང་། དུས་དེ་ནས་བཟུང་རྒྱ་ནག་གིས་དམ་དྲག་དང་ལྟ་རྟོག་འོག་གནས་ཡོད་འདུག
གནས་ཚུལ་ཡོང་ཁུངས་གཞན་ཞིག་གིས་དེ་རིང་བོད་ནང་ཁ་པར་བརྒྱུད་ཤེས་པ་ལྟར་ན། རྨ་ཆུ་རྫོང་མི་རིགས་སློབ་འབྲིང་ནི་དེ་རིང་ཡང་དྲག་ཆས་ཉེན་རྟོག་པ་དང་དམག་མིས་བསྐོར་ཡོད་འདུག་ལ། རྫོང་ཐོག་ཏུའང་དམག་མི་དང་ཉེན་རྟོག་པས་དམ་དྲག་ཆེན་པོ་བྱེད་ཀྱིན་ཡོད་འདུག ཁ་སང་གི་ཡར་ལངས་དེ་ནི་ཉིན་གུང་དུས་ཚོད་ ༡༢ སྟེང་བྱུང་ཡོད་པ་དང་། སློབ་མ་ ༡༥ དེས་མགོ་ལ་མགོ་རིས་དཀར་པོ་དཀྲིས་ཤིང་། རྫོང་མི་དམངས་སྲིད་གཞུང་གི་མདུན་ནས་རྒྱ་ཡིག་དང་བོད་ཡིག་གི་ནང་དུ། མི་རིགས་འདྲ་མཉམ་དགོས། བོད་རང་བཙན་ཡིན། རྒྱལ་བ་རིན་པོ་ཆེ་སྐུ་ཚེ་བརྟན་པར་ཤོག་ཅེས་འབོད་ཚིག་བྲིས་ཡོད་པ་དང་། སྐད་འབོད་ཀྱི་སྐབས་སུ་གཙོ་བོ་བོད་རང་བཙན་ཡིན་ཅེས་བསྒྲགས་ཡོད་འདུག སྐད་འབོད་ཀྱི་དུས་ཡུན་ནི་དུས་ཚོད་གཅིག་གི་རིང་ཡིན་པ་དང་། སྐབས་དེར་མེ་མདའ་འཛིན་མཁན་དྲག་ཆས་ཉེན་རྟོག་པ་དང་དམག་མིས་ཁོང་ཚོ་བསྐོར་བསྡད་པ་མ་གཏོགས། འཛིན་བཟུང་ཉེས་རྡུང་སོགས་བཏང་མེད་ལ། དེ་ནི་ཕལ་ཆེར་གོང་རིམ་གྱི་བཀའ་མ་སླེབ་བར་དུ་ལག་འགུལ་མི་ཆོག་པའི་རྐྱེན་གྱིས་མིན་ནམ་སྙམ་ཅེས་བོད་ནང་གི་འབྲེལ་ཡོད་མི་སྣས་བཤད་ཡོད་འདུག ད་དུང་གསལ་བཤད་ཞུ་རྒྱུ་ཞིག་ལ། ཐེངས་འདིར་སློབ་མ་ ༡༥ དེ་མ་གཏོགས། མི་དམངས་མཉམ་ཞུགས་བྱས་མེད་ལ། སྐད་འབོད་མགོ་བཙུགས་མ་ཐག་ཉེ་འཁོར་གྱི་བོད་དང་རྒྱ་མིའི་ཟ་ཁང་དང་ཚོང་ཁང་རྣམས་སྒོ་བརྒྱབ་ཡོད་འདུག་ལ། སློབ་མ་ཚོས་ཚོང་ཁང་དང་ཟ་ཁང་དེ་དག་གི་སྒོ་ཁར་ཁ་བཏགས་རེ་བཏགས་འདུག་ཟེར། མཐའ་མ་དེར་རྫོང་མི་རིགས་སློབ་འབྲིང་གི་དགེ་རྒན་རྣམས་ཀྱིས་ཞུ་བ་བྱས་པ་ལྟར། སློབ་ཕྲུག་ཚོས་སྐད་འབོད་མཚམས་འཇོག་བྱས་ཡོད་ཚུལ་འདུག ཡིན་ཡང་། ད་ལྟའི་ཆར་སློབ་གྲྭ་ཡོངས་སུ་བསྐོར་ཡོད་ནའང་། སློབ་མ་ཚོར་འཛིན་བཟུང་དང་ཉེས་རྡུང་གི་གནས་ཚུལ་ཅི་བྱུང་ཤེས་ཡོད་མི་འདུག