ཕྱི་ཟླ་དྲུག་པའི་ཚེས་མགོར་༧གོང་ས་མཆོག་གིས་ངྷ་སྟེང་བོད་ཁྱིམ་སློབ་གྲྭའི་ནང་དུ་ཉིན་གཉིས་རིང་བོད་རིགས་གཞོན་སྐྱེས་ཚོར་ནང་ཆོས་ངོ་སྤྲོད་གནང་རྒྱུ་ཡིན་འདུག
༢༠༠༧ ལོ་ནས་བཟུང་ངྷ་ས་ནང་ཆོས་ངོ་སྤྲོད་ཚོགས་ཆུང་གིས་ཇི་ལྟར་གསོལ་བ་བཏབས་པ་བཞིན། ༧གོང་ས་མཆོག་གིས་ལོ་རེར་སློབ་གྲྭ་ཁག་གི་སློབ་མ་རྣམས་ལ་དམིགས་བསལ་གྱིས་ནང་ཆོས་ངོ་སྤྲོད་གནང་གི་ཡོད་པ་ལྟར། འདི་ལོའི་ནང་ཆོས་ངོ་སྤྲོད་དེ་ཕྱི་ཟླ་ ༦ པའི་ཚེས་ ༡ ནས་ཚེས་ ༢ བར་ངྷ་སྟེང་བོད་ཁྱིམ་གྱི་བདེ་སྐྱིད་ཚེ་རིང་ཚོགས་ཁང་དུ་གོ་སྒྲིག་གནང་རྒྱུ་ཡིན་འདུག
སྔར་ལོའི་ནང་ཆོས་ངོ་སྤྲོད་སྐབས་བོད་རིགས་གཞོན་སྐྱེས་ཚོ་གཙོས་སེར་སྐྱ་མི་མང་སྟོང་ཕྲག་གསུམ་ལྷག་ལ་ནང་ཆོས་ངོ་སྤྲོད་གནང་ཡོད་ལ། ཐེངས་འདིར་ཡང་ངྷ་སའི་ཉེ་ཁུལ་གྱི་ས་རཱ་མཐོ་སློབ་དང་ནོར་གླིང་མཐོ་སློབ། ངྷ་ཤོད་དང་ངྷ་སྟེང་བོད་ཁྱིམ། གྷོལ་པ་པུར་དང་སུ་ཇཱ་སློབ་གྲྭ། ཤེས་རབ་དགའ་ཚལ་སློབ་གླིང་། དེ་མིན་ཕྱོགས་མཐའ་ཁག་ནས་ཕེབས་པའི་མཐོ་སློབ་ཁག་གི་དགེ་སློབ་བཅས་མི་གྲངས་ ༣༠༠༠ བརྒལ་བ་འདུ་འཛོམས་ཡོང་བའི་ཚོད་དཔག་བྱེད་བཞིན་ཡོད་ཅེས་ནང་ཆོས་ངོ་སྤྲོད་གོ་སྒྲིག་ཚོགས་ཆུང་གི་འགན་འཛིན་དབུས་གཙང་སྤྱི་འཐུས་ཟླ་བ་ཚེ་རིང་ལགས་ཀྱིས་ཕྱི་ཚེས་ ༨ ཉིན་འདི་གར་འགྲེལ་བརྗོད་གནང་བྱུང་།