ང་ཚོ་མགྲོན་འབོད་མ་བྱས་པའི་མགྲོན་པོས་ཕྱི་ལ་དེད་བྱུང་།

ཕྱི་ཚེས་ ༥ ཉིན་ནས་༧གོང་ས་མཆོག་སི་ལོ་ཝེ་ནི་ཡའི་ནང་ཆིབས་སྒྱུར་གྱིས་མཛད་འཕྲིན་ཁག་ཅིག་སྐྱོང་བཞིན་པ་དང་། ཚེས་ ༦ ཉིན་ཁོང་གིས་མི་མང་ལྔ་སྟོང་ཙམ་ལ་བཀའ་སློབ་གནང་སྟབས། ངོས་རང་ ༡༩༥༩ ལོར་མགྲོན་འབོད་མེད་པའི་མགྲོན་པོ་ཞིག་སླེབས་ཏེ་བཙན་བྱོལ་དུ་ཡོང་དགོས་བཟོས་བྱུང་ཞེས་གསུངས་འདུག

ཟླ་འདིའི་ཕྱི་ཚེས་ ༧ ཉིན་བོད་གཞུང་དྲ་རྒྱས་གནས་ཚུལ་སྤེལ་བ་ལྟར་ན། ཕྱི་ཚེས་ ༦ ཉིན་གྱི་སྔ་དྲོར་སི་ལོ་ཝེ་ནི་ཡའི་མ་རི་བྷོར་ Maribor  གྲོང་ཁྱེར་སྤྱི་ཁབ་ལས་ཁུངས་སུ་༧གོང་ས་མཆོག་དང་མ་རི་བྷོར་གྲོང་ཁྱེར་སྤྱི་ཁྱབ་པ་རྣམ་གཉིས་མཇལ་འཕྲད་གནང་གྲུབ་རྗེས། ༧གོང་ས་མཆོག་གིས་གྲོང་ཁྱེར་མ་རི་བྷོར་གྱི་སྐྱེད་མོས་ཚལ་དུ་ཞི་བའི་ལྗོན་ཤིང་ཞིག་འདེབས་འཛུགས་མཛད་དེ་མང་ཚོགས་རྣམས་ལ། འཚེ་བ་དང༌། མི་གསོད་ཁྲག་སྦྱོར། དམག་འཁྲུག་དེ་དག་ད་ཆ་མི་འཚམ་པའི་གནས་སྟངས་ཤིག་ཆགས་ཡོད། དུས་རབས་ ༢༠ པ་དེ་མི་གསོད་ཁྲག་སྦྱོར་གྱི་དུས་རབས་ཤིག་ཆགས་ཡོད་ཀྱང༌། དུས་རབས་ ༢༡ པ་འདི་གྲོས་མོལ་གྱི་དུས་རབས་ཤིག་ཡོང་བ་བྱེད་དགོས་ཞེས་གསུངས་པ་དང་། དེའི་རྗེས་༧གོང་ས་མཆོག་གིས་མ་རི་བྷོར་སློབ་གྲྭ་ཆེན་མོའི་སློབ་ཕྲུག་ཆིག་སྟོང་ཙམ་ལ་འགྲོ་བ་མིའི་རིན་ཐང་ཐོག་གསུང་བཤད་གནང་ཡོད་འདུག

དེ་བཞིན་ཉིན་དེར་ཁོང་གིས་ཆུ་ཚོད་གཉིས་རིང་གྲོང་ཁྱེར་མ་རི་བྷོར་ནང་མང་ཚོགས་ ༥༠༠༠ ཙམ་ལ་སྟོང་ལོ་གསར་པའི་ཀུན་སྤྱོད་འཁྱེར་སོ་ཞེས་པའི་བརྗོད་གཞིའི་ཐོག་བཀའ་སློབ་སྩོལ་སྐབས། སི་ལོ་ཝེ་ནི་ཡའི་ཁྱིམ་མཚེས་རྒྱལ་ཁབ་ཨོས་ཏྲི་ཡཱ། ཨི་ཊ་ལི། ཧང་གྷཱ་རི། ཀོ་རོ་ཤི་ཡ་བཅས་ནས་མི་མང་པོ་ཞིག་༧གོང་ས་མཆོག་གི་བཀའ་སློབ་ཞུ་བར་བཅར་ཡོད།

ཁོང་གི་གསུང་བཤད་གནང་གྲུབ་རྗེས་མང་ཚོགས་ཀྱིས་༧གོང་ས་མཆོག་ལ་ཤེས་ཡོན་དང་བདེ་སྐྱིད། བྱམས་བརྩེ། ཆབ་སྲིད། དེ་བཞིན་ཁོང་གི་ཡང་སྲིད་བཅས་ཀྱི་བརྗོད་གཞི་དང་འབྲེལ་བའི་སྐོར་བཀའ་འདྲི་ཡང་ཞུས་འདུག་ལ། སྐབས་དེར་བུད་མེད་གཅིག་གིས་ཁོང་ལ་མི་ཚེའི་དགོས་དོན་གཙོ་བོ་གང་ཡིན་བཀའ་འདྲི་ཞུས་པར་ཁོང་གིས་བཀའ་སློབ་བསྩལ་དོན། མི་ཚེའི་དགོས་དོན་གཙོ་བོ་མི་ཚེར་བདེ་སྐྱིད་ལྡན་པ་དེ་ཡིན། མ་འོངས་པར་ངེས་གཏན་གང་ཡང་མེད་ནའང་ང་ཚོས་རེ་བ་རྒྱག་དགོས། རེ་བ་དང་བྲལ་ན་མི་ཚེ་ཐུང་དུ་འགྲོ་བ་དང་། རེ་བ་ཅི་ཙམ་ཡོད་པ་དེའི་ཚོད་ཀྱིས་ཡག་པོ་རེད། མི་ཚེའི་དགོས་དོན་ནི་བདེ་སྐྱིད་ཡིན། ཞི་བདེ་ངོ་མ་དེ་སོ་སོ་རང་ཉིད་ཀྱི་ནང་གི་བསམ་བློ་ནས་ཡོང་དགོས། ཐ་མག་དང་ཤོ་སྦག ཆང་རག་སོགས་ལ་ལོངས་སྤྱོད་བྱེད་རྒྱུ་དེ་དག་ནི་ནང་གི་ནུས་པ་དང་བསམ་བློའི་རིན་ཐང་ངོས་འཛིན་མ་ཐུབ་པ་ལས་བྱུང་བ་ཡིན་ཞེས་གསུངས།

དེ་བཞིན་ཁོང་གིས་བོད་ཀྱི་གནད་དོན་དང་འབྲེལ་ནས་གསུངས་དོན། ངོས་རང་ཕྱི་ལོ་ ༡༩༥༩ ལོར་རྒྱ་གར་ནང་ཡོང་དགོས་བྱུང་བ་དེ་འབྱུང་བའི་འཇིག་པའི་གོད་ཆག་ཕོག་པ་དང༌། བོད་མི་ནང་ཁུལ་ནང་འཁྲུག་བྱུང་བ་སོགས་ལ་བརྟེན་ནས་བྲོས་བྱོལ་དུ་ཡོང་བ་ཞིག་མིན་པར། བོད་ནང་མགྲོན་བརྡ་མེད་པའི་མགྲོན་པོ་གསར་པ་ཞིག་འབྱོར་བ་དང་། མགྲོན་པོ་དེས་བོད་ནང་དབང་སྒྱུར་བྱས་པར་བརྟེན་ནས་བཙན་བྱོལ་དུ་ཡོང་དགོས་བྱུང་བ་ཞིག་ཡིན། ང་ཚོས་རྒྱ་ནག་དང་ཁ་བྲལ་བྱེད་ཀྱི་མེད་ལ་རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ཆ་ཤས་སུ་གནས་རྒྱུར་ཆོད་སེམས་འཆང་བཞིན་ཡོད་ཅེས་བཀའ་བསྩལ།

ཉིན་དེར་ཁོང་གིས་ཕྱི་ནང་གསར་འགོད་པ་ ༡༦༨ ཙམ་ལ་མཇལ་འཕྲད་ཀྱིས་གསུང་བཤད་གནང་འདུག་པ་མ་ཟད། ཉིན་རྒྱབ་དེར་ྋགོང་ས་མཆོག་དང་སི་ལོ་ཝེ་ནི་ཡའི་སྲིད་བློན་ཟུར་པ་དང་མང་གཙོ་ཚོགས་པའི་ཚོགས་གཙོ་སྐུ་ཞབས་ཇ་ནེ་ཛི་ཇཱན་སི་(Janez Jans) མཆོག་རྣམ་གཉིས་མཇལ་འཕྲད་གནང་ཡོད། ཅེས་འཁོད་འདུག 

བསྐྱར་བཅོས།: ༢༠༡༧/༠༥/༠༢

Leave a Reply

2 thoughts on “ང་ཚོ་མགྲོན་འབོད་མ་བྱས་པའི་མགྲོན་པོས་ཕྱི་ལ་དེད་བྱུང་།

  1. མགྲོན་བརྡ་མེད་པའི་མགྲོན་པོས་ང་ཚོའི་ཕ་མེས་ཀྱིས་ཞབས་རྗེས་ནག་སུབ་ཏུ་བཏང་སོང༌།
    ཕ་མ་དང་སྤུན་ཟླ་གྲངས་མེད་དམར་གསོད་བཏང་སོང༌།
    ང་ཚོའི་ཆོས་དང་རིག་གཞུང་རྩ་མེད་བཏང་སོང༌།
    ང་ཚོ་དང་ནམ་ཡང་མཉམ་མཐུན་ཡོངས་ཐབས་མེད།
    ཁོ་ཚོ་ནི་ང་ཚོའི་དགྲ་དགྲ་ནག་དེ་ཡིན།
    དགྲ་བོ་དང་མཉམ་དུ་སྡོད་འདོད་མེད།

  2. གངས་རི་བ་བློ་གཏེར་རིག་མཛོད།

    ༸རྒྱལ་བ་རིན་པོ་ཆེས་ ཞི་བདེ་ངོ་མ་དེ་སོ་སོ་རང་ཉིད་ཀྱི་ནང་གི་བསམ་བློ་ནས་ཡོང་དགོས། ཐ་མག་དང་ཤོ་སྦག་ཆང་རག་སོགས་ལ་ལོངས་སྤྱོད་བྱེད་རྒྱུ་དེ་དག་ནི་ནང་གི་ནུས་པ་དང་བསམ་བློའི་རིན་ཐང་ངོས་འཛིན་མ་ཐུབ་པ་ལས་བྱུང་བ་ཡིན་ཞེས་གསུངས།