མི་རིགས་དམར་འཛིང་།

          
ཁིར་གྷེ་སི་ཐན་དུ་མི་རིགས་གཉིས་བར་ལ་འཁྲུག་འཛིང་དོན་རྐྱེན་བྱུང་སྟེ་ཉུང་མཐར་མི་ ༡༡༧ ལ་སྲོག་སྐྱོན་དང་མི་ ༡༢༠༠ ལྷག་ལ་རྨས་སྐྱོན། དེ་བཞིན་མི་ཁྲི་ཚོ་བརྒལ་བ་ཡུལ་བཅོལ་དུ་འགྲོ་དགོས་བྱུང་ཡོད།

ཕྱི་ཚེས་ ༡༤ ཉིན་ཧྥ་རན་སིའི་གསར་ཁང་གིས་གནས་ཚུལ་སྤེལ་བ་ལྟར་ན།  ཉེ་ཆར་ཁིར་གྷེ་སི་ཐན་གྱི་ལྷོ་ཕྱོགས་ཨོ་ཞི་ Osh  དང་ཇ་ལཱ་ལཱ་བྷག་ Jalalabad གྲོང་ཁྱེར་གཉིས་སུ་ཨོ་ཛི་བྷི་ཁུག་ Uzbeks དང་ཁིར་གྷེ་ཛི་  Kyrgyz མི་རིགས་གཉིས་བར་ལ་ཉིན་ ༣ རིང་བསྟུད་མར་འཁྲུག་འཛིང་གི་དོན་རྐྱེན་བྱུང་སྟེ། ཉུང་མཐར་མི་ ༡༡༧ ལ་སྲོག་སྐྱོན་དང་མི་ ༡༢༠༠ ལྷག་ལ་རྨས་སྐྱོན་ཚབས་ཆེན་བྱུང་ཡོད་ལ། དེ་བཞིན་མི་རིགས་དེ་གཉིས་ཀྱི་འཁྲུག་འཛིང་དོན་རྐྱེན་ཆེ་རུ་ཕྱིན་སྟབས་ཨོ་ཛི་བྷི་ཁུག་གྲངས་ཉུང་མི་རིགས་ཁྲི་ཚོ་ལྷག་གཏན་སྡོད་མ་ནུས་པར་ཡུལ་གཞན་དུ་སྐྱབས་བཅོལ་ལ་འགྲོ་དགོས་བྱུང་ཡོད། འཁྲུག་འཛིང་གནས་སྟངས་མཚམས་འཇོག་ཡོང་ཆེད་ཁིར་གྷེ་སི་ཐན་བར་བརྒལ་སྲིད་གཞུང་གིས་ཟིང་འཁྲུག་ཞི་འཇགས་སུ་གཏོང་ཆེད་ཨུ་རུ་སུར་རོགས་དམག་དགོས་རྒྱུའི་རེ་འདུན་ཞུས་ཀྱང་། ཨུ་རུ་སུའི་ངོས་ནས་རོགས་དམག་གཏོང་རྒྱུར་ཁས་ལེན་བྱས་མི་འདུག འདིའི་ཐད་མེག་སི་ཁོ་ཁི་རེ་ལིན་མགྲིན་ཚབ་པས་ལན་འདེབས་བྱས་དོན།  དོན་རྐྱེན་དེ་ནི་ཁིར་གྷེ་སི་ཐན་ནང་སྲིད་ཀྱི་གནད་དོན་ཞིག་ཆགས་ཡོད་སྟབས། ཨུ་རུ་སུའི་ངོས་ནས་གནས་སྐབས་རིང་ཡུལ་དེར་དམག་མི་མཁོ་གཏོང་བྱ་རྒྱུ་མིན། དེ་ལྟ་ནའང་།  ཨུ་རུ་སུས་འགྲོ་བ་མིའི་བདེ་རྩའི་ཕྱོགས་ནས་རོགས་རམ་བྱ་རྒྱུ་ཡིན་ཞེས་བརྗོད་ཡོད།  ས་གནས་ཉེན་རྟོག་མགོ་བས་དེང་སྐབས་སྲིད་གཞུང་གི་དམག་མིས་ཡུལ་དེའི་གནས་སྟངས་ལ་ཚོད་འཛིན་བྱེད་ཐུབ་བྱུང་ཡོད་ཚུལ་བརྗོད་ཡོད། ཚེས་ ༡༢ ཉིན་གཞུང་ཕྱོགས་ཀྱིས་མང་ཚོགས་ནས་དྲག་སྤྱོད་མཚམས་འཇོག་མ་བྱས་པ་ཡིན་ན་མཐའ་གཅིག་ཏུ་དྲག་གནོན་བྱ་སྲིད་པའི་ཉེན་བརྡ་ཡང་བཏང་ཡོད་ལ། ཁིར་གྷེ་སི་ཐན་གྱི་སྲིད་འཛིན་ཨོ་ཊོན་བྷ་ཡེ་ཝེ་ Otunbayeva མཆོག་གིས་ཀྱང་གནས་སྟངས་ཇེ་སྡུག་ཏུ་སོང་བ་ཡིན་ན་ཡུལ་དེར་དཀའ་ངལ་ཆེན་པོ་ཞིག་འཕྲད་རྒྱུ་ཡིན་པའི་ཉེན་བརྡ་བཏང་ཡོད།   མཉམ་འབྲེལ་རྒྱལ་ཚོགས་དང་ཡུ་རོབ་མནའ་འབྲེལ་གྱིས་ཁིར་གྷེ་སི་ཐན་གཞུང་ལ་དོན་རྐྱེན་དེར་བཟོད་སྒོམ་དང་གཞུང་ཕྱོགས་ནས་ཟིང་འཁྲུག་གང་མགྱོགས་ཞི་འཇགས་སུ་གཏོང་དགོས་རྒྱུའི་སྐུལ་མ་བྱས་འདུག་ལ།   ཨ་རིས་ཀྱང་དོན་རྐྱེན་དེར་དོ་སྣང་ཆེན་པོ་ཞིག་བྱས་ཏེ་སྲིད་གཞུང་གིས་གང་མགྱོཊ་ཡུལ་དེའི་ཞི་བདེ་སླར་གསོ་ཐུབ་རྒྱུར་རེ་སྐུལ་ཞུས་ཡོད། ཁིར་གྷེ་སི་ཐན་གྱི་ཡུལ་དུ་ཨ་རིའི་དམག་དོན་རྟེན་གཞི་ཞིག་བཙུགས་ཡོད་ལ།  ཚེས་ ༡༣ ཉིན་ཨ་རིའི་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་གསལ་བསྒྲགས་ཤིག་སྤེལ་ཏེ། ཨ་རིས་ངོས་ནས་ཟིང་འཁྲུག་སྐབས་བྱུང་བའི་རྨས་མ་ཚོར་འགྲོ་བ་མིའི་བདེ་རྩའི་ཐོག་ནས་རོགས་རམ་ཞུ་རྒྱུ་ཡིན་ཞེས་བརྗོད་ཡོད།  ཧྥ་རན་སིའི་གསར་ཁང་གི་གསར་འགོད་པས་ས་གནས་ནས་གནས་ཚུལ་མཁོ་སྤྲོད་བྱས་དོན། དྲག་སྤྱོད་དོན་རྐྱེན་ད་དུང་ཡང་མཚམས་འཇོག་བྱས་མེད་པར་མ་ཟད། ཤི་རྨས་ཐེབས་པའི་གྲངས་འབོར་ཇེ་མང་དུ་འགྲོ་བཞིན་ཡོད་ཚུལ་བརྗོད་ཡོད།  དོན་རྐྱེན་འདི་ནི་ཕྱི་ཟླ་ ༤ པའི་རྗེས་སུ་ཡུལ་དེར་བྱུང་བའི་དྲག་སྤྱོད་དོན་རྐྱེན་ཆེ་ཤོས་དེ་ཆགས་ཡོད་ལ། ཟླ་ ༤ པའི་ནང་ཕྱིར་ཕུད་བཏང་བའི་སྲིད་འཛིན་ཟུར་པ་ Bakiyev བྷི་ཀེ་ཡོར་བྱུང་བའི་དོན་རྐྱེན་དེའི་ཁྲོད་མི་སེར་གང་མང་ཞིག་ཕྱིར་སྤོས་དང་། དེ་ལས་མང་བ་རྒྱལ་ཁབ་གཞན་དུ་སྐྱབས་བཅོལ་དུ་འགྲོ་དགོས་བྱུང་ཡོད།  གྲོང་ཁྱེར་དེ་གཉིས་ནི་ད་ལྟའི་སྲིད་འཛིན་གྱིས་ཤུགས་རྐྱེན་ཆེན་པོ་ཐེབས་ཡོད་སའི་ས་ཁུལ་ལྟེ་བ་དེ་ཆགས་ཡོད་འདུག

གསར་འགོད་པ། དཔལ་ལྡན་རྒྱ་མཚོ།

བསྐྱར་བཅོས།: ༢༠༡༧/༠༢/༡༦

Leave a Reply

3 thoughts on “མི་རིགས་དམར་འཛིང་།

  1. ཀརྨ་རྡོ་རྗེ།

    ཁིར་གྷེ་སི་ཐན་གྱི་ལྷོ་ཕྱོགས་ཨོ་ཞི་ Osh དང་ཇ་ལཱ་ལཱ་བྷག་ Jalalabad གྲོང་ཁྱེར་གཉིས་སུ་ཨོ་ཛི་བྷི་ཁུག་ Uzbeks དང་ཁིར་གྷེ་ཛི་ Kyrgyz མི་རིགས་གཉིས་བར་ལ་དམར་འཛིང་ལྟ་བུ། ང་རང་ཚོའི་ཕ་ཡུལ་གངས་ལྗོངས་ནང་ལ་ཡང་། ཧཱན་རྒྱ་རིགས་སོགས་དང་བོད་རིགས་བར་རྙོག་འཛིང་མ་ལྷག་རྒྱུ་ད་ལྟའི་གཞུང་གི་ལས་བྱེད་དང་། བོད་རིགས་ཤེས་ཡོན་ཅན་དང་ལས་བྱེད་རྣམས་ཀྱིས་ད་ལྟ་ནས་གཟབ་ནན་མི་དགོས་སམ།

  2. གནས་སྟངས་འདིའི་ད་སྐབས་འཛམ་གླིང་ནང་གི་བཙན་གནོན་བྱས་པའི་གྲངས་ཉུང་མི་རིགས་ཡོད་པའི་རྒྱལ་ཁབ་དག་སེམས་ཚབས་དམིགས་བསལ་ཞིག་ལེགས་སྐྱེས་སུ་སྟེགས་ཡོད་པ་ཁོ་ཐག་ཆོད། འདིའི་འབྱུང་འགྱུར་མ་འོངས་པའི་ལམ་སྟོན་གསལ་བོ་ཞིག་འབུལ་ཡོད་པ་སུས་བལྟས་ན་ཤེས་ཐུབ་པ་ཞིག་རེད།

  3. བསྐལ་བ་དུས་ཀྱི་མཐའ་ལ་ཐུག་པ་ན།།
    ས་གཞི་གཡོ་དང་ནད་དང་མུ་གེ་དང་།།
    མེ་ཆུ་དམག་འཁྲུག་སོགས་ཀྱིས་རྒྱུན་འཁྱེར་བའི།།
    གསུངས་དག་ཉི་མ་རེ་རེར་རང་ངོ་འཕྲོད།།