དམག་སྤྱི་རྩ་དགོངས་ཞུས་བ།

 

ཨབ་གྷན་དུ་གནས་སྡོད་ཨ་རིའི་དམག་སྤྱི་མེ་ཁུག་ཁུར་སི་ཊི་མཆོག་ཨོ་བྷ་མའི་སྲིད་གཞུང་དང་ལྟ་ཚུལ་མ་མཐུན་པར་ལས་གནས་ནས་རྩ་དགོངས་ཞུས་ཡོད་པ་རེད།

ཕྱི་ཚེས་ ༢༤ ཉིན་ཧྥ་རན་སི་གསར་སྤེལ་ཁང་གིས་གནས་ཚུལ་སྤེལ་བ་ལྟར་ན། གོང་ཚེས་ཉིན་ཨབ་གྷན་དུ་གནས་སྡོད་ཨ་རིའི་དམག་སྤྱི་ཆེན་མོ་སྐུ་ཞབས་མེ་ཁུག་ཁིར་སི་ཊི་ McChrystal མཆོག་སྲིད་འཛིན་ཨོ་བྷ་མ་དང་ཆབ་སྲིད་ལངས་ཕྱོགས་མ་མཐུན་པའི་དབང་གིས་མཐར་ལས་གནས་ནས་རྩ་དགོངས་ཞུ་དགོས་བྱུང་ཡོད་ལ། ཁོང་གི་ཚབ་ཏུ་ཨ་རིའི་དབུས་དམག་ཁུལ་ཁང་གི་དམག་སྤྱི་སྐུ་ཞབས་ཕེ་ཊོ་སི་ Petraeus ལགས་བསྐོ་བཞག་བྱས་ཡོད་པ་རེད། སྐུ་ཞབས་ཕེ་ཊོ་སི་དམག་སྤྱིར་བསྐོ་རྒྱུའི་ཐད་ལ་སྲིད་འཛིན་ཨོ་བྷ་མས་གྲོས་ཚོགས་གོང་མར་ཡང་ཞུ་སྐུལ་ཞུས་འདུག འདས་པའི་ཉིན་འགའི་སྔོན་ལ་དམག་སྤྱི་ཁིར་སི་ཊི་ལགས་ཀྱིས་ Rolling stone གསར་ཤོག་གི་བཅར་འདྲི་དང་ལེན་བྱས་སྐབས།  དམག་སྤྱིས་སྲིད་འཛིན་ཨོ་བྷ་མ་སྲིད་གཞུང་གིས་ཁོང་རང་བློ་ཕམ་དུ་བཅུག་ཚུལ་དང་། ཨ་རིའི་སྲིད་འཛིན་གཞོན་པ་དང་རྒྱལ་ཁབ་ཀྱི་བདེ་འཇགས་སློབ་སྟོན་པ་ཚོར་ཡང་འཕྱ་དམོད་བྱས་སྟབས། ཨོ་བྷ་མར་ཕོག་ཐུག་བཏང་བའི་རྐྱེན་ཀྱིས་ཁོང་ཝ་ཤིན་ཊོན་དུ་འབོད་འགུག་གིས་ལས་གནས་ནས་གནས་དབྱུང་བཏང་ཡོད། ཨབ་གྷན་སྲིད་འཛིན་གྱིས་དམག་སྤྱི་ཁིར་སི་ཊིར་མཐའ་གཅིག་ཏུ་རྒྱབ་སྐྱོར་ཞུས་ཡོད་པར་མ་ཟད། སྲིད་འཛིན་ཨོ་བྷ་མར་དམག་སྤྱི་ལས་གནས་ནས་གནས་དབྱུང་མི་གཏོང་རྒྱུར་འབོད་སྐུལ་ཞུས་ཡོད། ཡིན་ནའང་ཨབ་གྷན་སྲིད་འཛིན་ཧ་མག་ཁར་ཛི་མཆོག་གི་མགྲིན་ཚབ་པས་ཡུལ་དེའི་སྲིད་འཛིན་གྱིས་མཐའ་མར་ཨོ་བྷ་མས་ ཐག་གཅོད་ལ་བརྩི་བཀུར་བྱས་ཡོད་ཚུལ་བརྗོད་ཡོད། 

ཚེས་ ༢༣ ཉིན་ཨོ་བྷ་མས་ཕོ་བྲང་དཀར་པོར་དམག་སྤྱི་ཁིར་སི་ཊི་ལགས་དང་ལྷན་དུ་དུས་ཡུན་ཆུ་ཚོད་ཕྱེད་ཀའི་རིང་གྲོས་བསྡུར་བྱས་ཡོད་ལ། དེའི་རྗེས་ཨོ་བྷ་མས་གསར་འགོད་པར་ཁོང་གིས་དམག་སྤྱི་ཁིར་སི་ཊིའི་རྩ་དགོངས་རེ་འདུན་ངོས་ལེན་བྱས་པ་དེར་གནོང་འགྱོད་ཆེན་པོ་བྱེད་ཀྱི་ཡོད་ཅེས་དང་། ཡང་ཁོང་གིས་ཐེངས་འདིར་མི་སྒེར་བ་ཞིག་བརྗེ་སྤོར་བྱས་པ་ཡིན་སྟབས་གཞི་རྩའི་ཨ་རིའི་སྲིད་གཞུང་གིས་ཨབ་གྷན་དུ་འཛིན་པའི་སྲིད་བྱུས་ལ་འགྱུར་བ་གང་ཡང་ཐེབས་ཀྱི་མ་རེད་ཅེས་བརྗོད་ཡོད། ཁ་སང་སྐུ་ཞབས་ཁིར་སི་ཊིས་གསར་འགོད་པར་ལན་འདེབས་སྐབས་བརྗོད་དོན། ཁོང་གིས་རྩ་དགོངས་ཞུ་དོན་གཙོ་བོ་ནི་ཨབ་གྷན་གྱི་ལས་དོན་ཐད་གྲུབ་འབྲས་མངོན་གསལ་ཞིག་ཡོང་ཆེད་དུ་ཡིན་ཞེས་བརྗོད་ཡོད།   དབྱིན་ཇིའི་སྲིད་གཞུང་དང་བྱང་དམག་དོན་སྒྲིག་འཛུགས་དྲུང་ཆེ་གཉིས་ཀྱིས་གསར་དུ་བསྐོས་པའི་དམག་སྤྱི་དེས་སྐུ་ཞབས་ཁིར་སི་ཊིའི་འཐབ་ཇུས་ཀྱི་ལག་ལེན་ལ་འགྱུར་བ་གཏོང་གི་མ་རེད་ཅེས་བརྗོད་ཡོད། དེང་སྐབས་གནད་དོན་དེའི་ཐད་ཨ་རིའི་གྲོས་ཚོགས་འཐུས་མིའི་ནང་བསམ་ཚུལ་མི་མཐུན་པའང་འབྱུང་བཞིན་ཡོད་ལ།  སྐུ་ཞབས་ཕི་ཊོ་སི་ལགས་ཨབ་གྷན་དུ་གནས་སྡོད་ཨ་རིའི་དམག་སྤྱིར་བསྐོས་པའི་གནས་ཚུལ་ཐོས་འཕྲལ། ཨ་རིའི་ཕྱི་འབྲེལ་ཨུ་ཡོན་ལྷན་ཚོགས་ཀྱི་ཚོགས་གཙོ་དང་མང་གཙོ་ཚོགས་པའི་སྐུ་ཞབས་ཁི་ལེ་ Kelly མཆོག་གིས་ཡོངས་ཁྱབ་གསལ་བསྒྲགས་ཤིག་སྤེལ་ཡོད་ལ། གསལ་བསྒྲགས་དེའི་ནང་སྐུ་ཞབས་ཕི་ཊོ་སི་མཆོག་ཨབ་གྷན་དམག་སྤྱི་བསྐོས་པ་དེ་རྒྱུན་མཐུད་པའི་རིག་པ་ཞིག་ཡིན་ཚུལ་དང་། ཁོང་ནི་དམག་དོན་དང་ཕྱི་འབྲེལ་ཐད་ཀྱི་མི་འཇོན་ཐང་ཅན་ཞིག་ཡིན་ལུགས་བརྗོད་ཡོད། དེ་བཞིན་སྤྱི་མཐུན་ཚོཊ་པའི་སྐུ་ཞབས་ཇོན་ཁོར་ཡན་མཆོག་  John Cornyn གིས་ཀྱང་སྐུ་ཞབས་ཕི་ཊོ་སི་མཆོག་གིས་ཨ་རིའི་དམག་དོན་ལ་བྱས་རྗེས་གང་ལེགས་འཇོག་ཐུབ་པའི་ཡིད་ཆེས་ཡོད་ཅེས་བརྗོད་ཡོད། དེ་ལྟ་ནའང་སྤྱི་མཐུན་ཚོགས་པའི་སྐུ་ཞབས་ཁེ་ཊི་བྷོན་ཌ་མཆོག་   Kit Bond གིས་བརྗོད་དོན།  སྲིད་འཛིན་ཨོ་བྷ་མས་ཨབ་གྷན་ནས་དམག་མི་རིམ་བཞིན་ཕྱིར་འཐེན་བྱ་རྒྱུའི་ལས་རིམ་ལ་བལྟས་ཡོང་ན། ཐེངས་འདིར་སྐུ་ཞབས་ཕོ་ཊོ་སི་མཆོག་དམག་སྤྱིར་བསྐོས་པ་དེ་ཕམ་ཁ་ཞིག་རེད་ཅེས་བརྗོད་ཡོད། དམག་སྤྱི་ཁིར་སོ་ཊི་ལགས་ནི་ཨ་རིའི་ནུབ་ཕྱོགས་དམག་དོན་སློབ་ཆེན་ནས་སློབ་མཐར་ཕྱིན་པ་དང་། ཨབ་གྷན་དུ་གནས་སྡོད་ཨ་རི་དང་བྱང་དམག་དོན་སྒྲིག་འཛུགས་ཀྱི་དམག་སྤྱི་ཆེན་མོའང་བྱས་ཡོད་ལ། ཁོང་གིས་ཐེངས་དུ་མར་ཨི་རག་དང་ཨབ་གྷན་གྱི་དམག་འཐབ་ནང་བྱས་རྗེས་ཆེན་པོ་བཞག་ཡོད། ཁོང་གི་བྱས་རྗེས་གཞན་ཞིག་ནི་ཕྱི་ལོ་ ༢༠༠༦ ནས་བཟུང་ཨི་རག་ནང་གི་ཨ་ལི་ཁ་ཌའི་ཚོགས་པར་ལན་མང་འཐབ་སྟེ་མཐར་ཁ་ཆེ་ཚོགས་པའི་གཏེ་བོ་ཛིར་ཁ་ཝེ་ Zarqawi དམར་བསོད་གཏོང་ཐུབ་ཡོད་པ་རེད།

གསར་འགོད་པ། དཔལ་ལྡན་རྒྱ་མཚོ།

བསྐྱར་བཅོས།: ༢༠༡༦/༠༡/༠༦

Leave a Reply

4 thoughts on “དམག་སྤྱི་རྩ་དགོངས་ཞུས་བ།

  1. གཅན་མེ་ལོང

    གསར་འགྱུར་པ་ལགས། གནད་དོན་ནི་ལྟ་ཚུལ་མ་མཐུན་པ་མ་རེད། གཙོ་བོ་ཁ་འདུག་མ་ཐུབ་པར་སྲིད་གཞུང་གི་མི་སྣ་མང་ཤོས་ཞིག་ལ་སྐད་ཆ་ཡིན་མིན་ཡག་གཙོག་ཚང་མ་བཤད་པ་དེ་རེད། སྲིད་འཛིན་དཔོན་པོས་བཤད་པ་ལྟར། སྲིད་ཇུས་ཀྱི་སྟེང་ནས་ཁོ་ཚོ་ཚང་མར་མོས་མཐུན་ཡོད།

  2. རྒྱལ་ཁབ་ཀྱི་ཁེ་ཕན་ཆེད་ཡིན་ན་འདི་འདྲ་རང་རེད། རང་གི་བསམ་ཚུལ་བཞིན་མི་འབྱུང་དུས་དགོངས་པ་ཞུ་གི་རེད། འོན་ཀྱང་བཙན་བྱོལ་བོད་ནང་འདི་འདྲའི་བསམ་སྤྱོད་ཅན་ཧ་ཅང་དཀོན་དོན་ཅི།