ལངས་ཕྱོགས་ཡོད་ཟེར།

 

ཉེ་ཆར་༧གོང་ས་མཆོག་གིས་ཐེ་ཝན་གྱི་གོ་མིན་ཏང་སྲིད་གཞུང་ལ་ལངས་ཕྱོགས་གསལ་བོ་མི་འདུག་ཅེས་གསུངས་པ་དེར་ཐེ་ཝན་སྲིད་འཛིན་ལས་ཁུངས་ཀྱིས་ངོས་ལེན་བྱས་མི་འདུག

དེ་རིང་ཐེ་ཝན་གྱི་གསར་ལམ་ཁག་ཏུ་གནས་ཚུལ་ཐོན་གསལ་ལྟར་ན། ཁ་སང་ཚེས་ ༢༩ ཉིན་ཐེ་ཝན་སྲིད་འཛིན་ལས་ཁུངས་ཀྱིས་གསལ་བསྒྲགས་ཤིག་སྤེལ་ཏེ། ཉེ་ཆར་༧གོང་ས་མཆོག་གིས་ཉི་ཧོང་དུ་རྒྱ་སྐད་གསར་འགོད་པར་གོ་མིན་ཏང་སྲིད་གཞུང་ལ་ལངས་ཕྱོགས་བརྟན་པོ་མི་འདུག་ཅེས་གསུངས་པ་དེར་ངོས་ལེན་མེད་ཅེས་ལན་འདེབས་བྱས་ཡོད་ལ། གསལ་བསྒྲགས་ནང་ཡུལ་དེའི་སྲིད་འཛིན་ལས་ཁུངས་ཀྱི་མགྲིན་ཚབ་པ་ལོ་ཁྲི་ཆིན་གྱིས་བརྗོད་དོན། གོ་མིན་ཏང་སྲིད་གཞུང་གི་ལངས་ཕྱོགས་ཧ་ཅང་གསལ་པོ་ཡིན་ལ། ང་ཚོའི་སྲིད་བྱུས་ནི་ཐེ་ཝན་དེ་ག་དུས་ཡིན་ཡང་དཀྱིལ་སྙིང་ལ་འཛིན་རྒྱུ་དང་མི་མང་གི་ཁེ་ཕན་ཨང་དང་པོར་འཇོག་རྒྱུ་དེ་ཡིན་ཞེས་བརྗོད་ཡོད།

ཚེས་ ༢༧ ཉིན་༧གོང་ས་མཆོག་གིས་ཉི་ཧོང་དུ་ཐེ་ཝན་  Liberty Times གྱི་གསར་འགོད་པའི་དྲི་བར་ལན་འདེབས་གནང་དོན། ཁོང་གིས་ཐེ་ཝན་སྲིད་གཞུང་གིས་མགོ་གང་ཞིག་ཏུ་འཁྲིད་ཀྱི་ཡོད་མེད་ཤེས་ཀྱི་མི་འདུག་ཅེས་གསུངས་ཡོད་ལ། ཡང་ཁོང་གིས། ན་ནིང་ཁོང་ཐེ་ཝན་དུ་བསྐྱོད་སྐབས་མཱ་ཡོང་ཅིག་སྲིད་གཞུང་ལ་དཀའ་ངལ་འཕྲད་ཡོད་ཅེས་དང་། ན་ནིང་ངོས་རང་ཐེ་ཝན་དུ་ཡོང་སྐབས་གསར་འགྱུར་བརྒྱུད་ལམ་ཁག་གིས་ཐོག་མ་དེར་གནས་ཚུལ་དྲང་པོ་སྤེལ་མ་སོང་ཡང་། རྗེས་ནས་རིམ་པས་ངོས་ཀྱི་འགྲུལ་བཞུད་ཀྱི་དགོས་དམིགས་ངོ་མ་དེ་ཤེས་སྟབས་བཟང་ཕྱོགས་སུ་འགྱུར་བ་ཕྱིན་སོང་ཞེས་གསུངས་ཡོད་པ་རེད།

གཞན་ཡང་ཁོང་གིས། ༡༩༩༧ ལོར་ངོས་རང་ཐེ་ཝན་དུ་ཕྱིན་ཏེ་གོ་མིན་ཏང་སྲིད་གཞུང་གི་དབུ་ཁྲིད་ལི་ཆིན་  Lie  Chan ལ་མཇལ་འཕྲད་སྐབས་ཁོང་ལ་ང་ཚོའི་ཕྱོགས་ནས་རྒྱ་ནག་དམར་ཤོག་ལ་ངོ་རྒོལ་བྱེད་ཀྱི་མེད་ཅེས་བཤད་པ་ཡིན། འོན་ཀྱང་ཁོང་གིས་ངོས་ལ་ཁོང་གི་སྲིད་དོན་ཚོགས་པའི་ངོས་ནས་ངོ་རྒོལ་བྱེད་ཀྱིན་ཡོད་ཅེས་གསུངས་སོང་ཞེས་གསལ་བཤད་གནང་བ་དང་མཉམ་དུ་ཁོང་གིས། ད་ལྟ་གང་འདྲ་འདུག ཅེས་ཁོང་ཉིད་གོ་མིན་ཏང་སྲིད་གཞུང་གི་ལངས་ཕྱོགས་དེར་མགོ་བོ་རྨོངས་སོང་ཞེས་གསུངས་ཡོད་པ་རེད།

གསར་འགོད་པ། དཔལ་ལྡན་རྒྱ་མཚོ།

བསྐྱར་བཅོས།: ༢༠༡༧/༠༢/༡༦

Leave a Reply

2 thoughts on “ལངས་ཕྱོགས་ཡོད་ཟེར།

  1. ལྷ་མོ་དོན་གྲུབ།

    ༸སྐྱབས་མགོན་རིན་པོ་ཆེས་ཐེ་ཝན་ནང་ལ་ཆོས་ཕྱོགས་ཀྱི་མཛད་རིམ་མང་ཙམ་གནང་ཐུབ་ན་བཟང། དེའི་མཚུངས་བོད་ཀྱི་ལོ་རྒྱུས་དང་ཁོང་གི་ཆབ་སྲིད་ལྟ་གྲུབ་སྐོར ཡང་མི་དམངས་ལ་ངོ་སྤྲོད་གནང་རྒྱུ་ཧ་ཅང་གལ་ཆེ། འགན་འདི་དོན་གཅོད་ཁང་དང་ཐེ་ཝན་དུ་ཡོད་པའི་བོད་མི་ཚོར་དམིགས་བསལ་གྱི་འོས་འགན་ཡོད།

  2. གཅན་བཟོད་རྒྱམ།

    ཐེ་ཝན་གྱི་ལངས་ཕྱོགས་དང་ང་ཚོའི་ལངས་ལ་ཁྱད་པར་འདུག་གམ། གཉིས་ཀས་རྒྱ་ནག་ལ་བསྟུན་མཁས་མ་བྱས་ན་བྱ་ཐབས་མེད་པ་ཞིག་ཡིན་ནམ།