ལྷ་ཁང་དུ་དམར་གསོད།

པ་ཀ་སི་ཐན་གྱི་ལྷ་ཁང་ཞིག་ཏུ་གས་གཏོར་ཐེངས་ ༣ བྱུང་སྟེ་ཉུང་མཐར་མི་ ༤༡ བསད་པ་དང་མི་ ༡༧༥ ཙམ་ལ་རྨས་ཕོགས་ཡོད་འདུག

ཕྱི་ཚེས་ ༡ ཉིན་སི་ཨིན་ཨིན་གྱིས་གནས་ཚུལ་སྤེལ་བ་ལྟར་ན། གོང་ཚེས་ཉིན་པ་ཀི་སི་ཐན་གྱི་ཤར་ཕྱོགས་ལཱ་ཧོར་ Lahore གྲོང་ཁྱེར་གྱི་ཁ་ཆེ་ལྷ་ཁང་ཞིག་ཏུ་བསྟུད་མར་ཐེངས་གསུམ་ལ་གས་གཏོར་དོན་རྐྱེན་བྱུང་སྟེ། ཉུང་མཐར་མི་ ༤༡ ལ་སྲོག་སྐྱོན་དང་མི་ ༡༧༥ ཙམ་ལ་རྨས་སྐྱོན་ཚབས་ཆེན་བྱུང་ཡོད་འདུག དོན་རྐྱེན་བྱུང་ས་དེ་ཁ་ཆེ་སོ་ཧྥི་ཆོས་བརྒྱུད་ཀྱི་དྲང་སྲོང་ཞིག་གི་དུར་གནས་ཡིན་ལ་དོན་རྐྱེན་དེ་ནི་ཁ་ཆེའི་དད་ལྡན་ཁྲི་སྟོང་མང་པོས་ལྷ་ཁང་ལ་མཆོད་མཇལ་བྱེད་བཞིན་པའི་གོ་སྐབས་དང་བསྟུན་ནས་དྲག་སྤྱོད་སྤེལ་བ་ཞིག་རེད། ཡུལ་དེའི་སོ་ནི་དང་ཤེ་ཊི་ཁ་ཆེའི་ཆོས་བརྒྱུད་འཛིན་པའི་དད་ལྡན་མང་ཚོགས་རྣམས་ལོ་རེར་དུས་ཐོག་ཏུ་ཁུལ་དེར་གནས་མཇལ་དུ་ཡོང་སྟེ་གསོལ་བ་སྨོན་ལམ་སོགས་འདེབས་ཀྱིན་ཡོད་འདུག  ལཱ་ཧོ་རིའི་གྲོང་ཁྱེར་སྤྱི་ཁྱབ་ཀྱི་བརྗོད་ན། གས་གཏོར་ཐེངས་གསུམ་བྱུང་ཡོད་པ་ལས་དང་པོ་ལྷ་ཁང་དེའི་འོག་ཁང་དང་གཉིས་པ་དང་གསུམ་པ་ལྷ་ཁང་དེའི་ལྡུམ་རའི་ནང་བྱུང་ཡོད། གས་གཏོར་དང་པོ་དེ་གོང་ཚེས་ཉིན་གྱི་དགོང་མོའི་ཆུ་ཚོད་བཅུ་དང་སྐར་མ་ཞེ་བརྒྱད་སྟེང་ལྷ་ཁང་དེའི་འོག་གི་ཁང་པའི་ནང་བྱུང་ཡོད་ལ། གས་གཏོར་སྐབས་གནས་མཇལ་བ་ཚོ་གཉིད་ཁུག་པ་དང་རེ་འགས་དཀོན་མཆོག་ལ་སྨོན་ལམ་རྒྱག་རྒྱུར་གྲྭ་སྒྲིིག་བྱེད་ཀྱིན་ཡོད།  གས་གཏོར་བྱུང་མཚམས་མང་ཚོགས་འཇིགས་སྣང་གིས་གང་སར་བྲོས་ཏེ་སྐར་མ་ ༥ ཙམ་གྱི་རྗེས་སུ་བསྐྱར་དུ་རང་སྲོག་བློས་གཏོང་གིས་གས་གཏོར་གཉིས་བསྟུད་མར་བྱུང་ཡོད་ཅེས་འགྲེལ་བརྗོད་བྱས་འདུག   ས་གནས་དཔོན་རིགས་ཚོས་ཐེངས་འདིའི་གས་གཏོར་ནང་བསད་རྨས་ཚབས་ཆེན་གཏོང་ཐུབ་པ་དེ་གཙོ་བོ་འགད་རྫས་ནང་རྡེལ་རིལ་ཞེས་པའི་རྫས་ཞིག་བཞག་ཡོད་པར་ཡིད་ཆེས་བྱེད་ཀྱིན་ཡོད་འདུག  དོན་རྐྱེན་བྱུང་མཚམས་མྱུར་སྐྱོབ་པས་རྨས་མ་ཚོ་སྨན་ཁང་དུ་བསྐྱལ་ཡོད་ལ་ཤི་སྐྱོན་བྱུང་བ་ཚོ་དུར་འཇུག་ཀྱང་བྱས་འདུག ཁ་སང་བྱུང་བའི་དོན་རྐྱེན་དེ་ནི་ ༢༠༠༡ ལོའི་རྗེས་སུ་འཇིགས་སྐུལ་པས་པ་ཀི་སི་ཐན་གྱི་སོ་ཧྥི་ཁ་ཆེའི་གནས་མཆོག་ཅིག་ཏུ་གས་གཏོར་དོན་རྐྱེན་བཟོས་པ་ཆེ་ཤོས་དེ་ཆགས་ཡོད། ཡིན་ནའང་ད་ལྟའི་ཆར་དོན་རྐྱེན་དེར་འགན་ལེན་མཁན་གང་བྱུང་ཡོད་མི་འདུག

གསར་འགོད་པ། དཔལ་ལྡན་རྒྱ་མཚོ།

བསྐྱར་བཅོས།: ༢༠༡༧/༠༢/༡༦

Leave a Reply

3 thoughts on “ལྷ་ཁང་དུ་དམར་གསོད།

  1. ལྷ་མོ་དོན་གྲུབ།

    ད་སྔ་བོད་རྒྱ་ཁ་ཆེའི་བར་ལ་གནས་ཚུལ་འདི་རིགས་བྱུང་མེད། མ་འོངས་པར་མི་འབྱུང་བའི་ངེས་པ་མེད། མི་རིགས་ཁོ་ནའི་ཞེ་འཁོན་འཆང་མི་ཉན་ཡ།