གསར་འགོད་པའི་ལག་དེབ་ཅིག་དབུ་འབྱེད་བྱས་པ།

༼ཕྱི་ཚེས་ ༥ རེས་གཟའ་ཟླ་བ།༽ ནོར་ཝེ་བོད་ཀྱི་རླུང་འཕྲིན་ཁང་གིས་གསར་འགོད་པའི་ལག་དེབ་ཅེས་པ་པར་དུ་བསྐྲུན་ཏེ། དེས་ད་ལྟ་བོད་མིའི་སྤྱི་ཚོགས་ཁྲོད་གསར་འགོད་པའི་ཕྱག་ལས་གནང་བཞིན་པ་དང་། འབྱུང་འགྱུར་དེ་ལྟའི་ལས་རིགས་ནང་ཞུགས་མཁན་རྣམས་གཙོས། བོད་མིའི་སྤྱི་ཚོགས་ལ་ཐུགས་ཕན་མི་དམན་ཙམ་ཡོང་བའི་རེ་བ་དང་ཡིད་ཆེས་བྱེད་བཞིན་ཡོད་ཟེར།

དེ་རིང་ཞོགས་པའི་ཆུ་ཚོད་ ༩ དང་སྐར་མ་ ༤༠ སྟེང་ངྷ་ས་བོད་ཀྱི་དཔེ་མཛོད་ཁང་གི་ཚོགས་ཁང་ནང་། ནོར་ཝེ་བོད་ཀྱི་རླུང་འཕྲིན་ཁང་གི་གོ་སྒྲིག་འོག  ནོར་ཝེ་གསར་ཁང་གིས་དཔར་སྐྲུན་གནང་བའི་ ༼ གསར་འགོད་པའི་ལག་དེབ། ༽ ཅེས་པའི་གསར་འགྱུར་རིག་པའི་ཆེད་དེབ་ཅིག་དབུ་འབྱེད་གནང་བའི་མཛད་སྒོ་བསྡུས་པ་དང་། མཛད་སྒོའི་སྐུ་མགྲོན་དུ་བོད་གཞུང་ཕྱི་དྲིལ་བཀའ་བློན་སྟག་ལྷ་སྐལ་བཟང་དབྱངས་སྐྱིད་ལགས་དང་། ནོར་ཝེ་བོད་ཀྱི་རླུང་འཕྲིན་ཁང་གི་དབུས་སྤྱི་ཁྱབ་འགན་འཛིན་  Oystein Alme  ལགས། ངྷ་ས་ནོར་ཝེ་བོད་ཀྱི་རླུང་འཕྲིན་ཁང་གི་འགན་འཛིན་ཀརྨ་ཡེ་ཤེས་བཅས་ཕེབས་ཡོད།
མཛད་སྒོའི་ཐོག་ཕྱི་དྲིལ་བཀའ་བློན་སྟག་ལྷ་སྐལ་བཟང་དབྱངས་སྐྱིད་ལགས་ཀྱིས་གསར་འགོད་པའི་ལག་དེབ་དབུ་འབྱེད་གནང་རྗེས་གསུང་བཤད་གནང་དོན། ལོ་བཅོ་ལྔོའི་སྔོན་དུ་ནོར་ཝེ་རླུང་འཕྲིན་ཁང་ཐོག་མར་དབུ་བརྙེས་དུས། ངས་ལོན་ཌོན་གྱི་དོན་གཅོད་དང་ཡུ་རོབ་བྱང་ཕྱོགས་ཀྱི་ལས་འགན་ཁུར་ཡོད་སྟབས། ནོར་ཝེ་བོད་ཀྱི་རླུང་འཕྲིན་ཁང་ཐོག་མར་མགོ་བཙུགས་དུས་ནས་ད་ལྟའི་བར་དུ། རླུང་འཕྲིན་ཁང་འདི་ཐོག་མར་གོམ་པ་སྤོ་སྟངས་ནས་དཀའ་ངལ་གང་དང་གང་ལ་འཕྲད་པ་དང་། གྲུབ་འབྲས་གང་བྱུང་བ་སོགས་ལ་རྒྱུས་མངའ་ཡོད། རླུང་འཕྲིན་ཁང་འདི་ཐོག་མར་འཛུགས་དུས་ང་ཚོས་བཀའ་མོལ་མང་བོ་བྱུང་ལ། སྐབས་དེ་དུས་གསར་འགྱུར་ལས་དོན་འདི་སྒྲིག་འཛུགས་གསར་བ་ཞིག་དང་། དེའི་སྐོར་ལ་ཤེས་མཁན་ཉུང་ཉུང་ཡིན་སྟབས་དཀའ་ངལ་མང་བོ་བྱུང་སྟེ་དཀའ་སྡུག་ཆེ་བའི་གནས་སྟངས་ཤིག་གི་འོག་ནས་མགོ་བཙུགས་ནའང་། ད་ལྟ་ལོ་བཅོ་ལྔ་འཁོར་ཟིན་པ་རེད།
འདས་ཟིན་པའི་ལོ་བཅོ་ལྔའི་རིང་འདིར་ནོར་ཝེ་བོད་ཀྱི་རླུང་འཕྲིན་ཁང་དུ་ཕྱག་ལས་གནང་མཁན་རྣམས་ཀྱིས་མུ་མཐུད་དེ་ཕྱག་ལས་གནང་པ་ཙམ་མ་ཟད། ད་ལྟ་གྲུབ་འབྲས་ཀྱང་ཡག་པོ་བླངས་འདུག་ཅེས་དང་། ཐེངས་འདིར་ནོར་ཝེ་བོད་ཀྱི་རླུང་འཕྲིན་ཁང་གིས་གསར་འགོད་པའི་ཕྱག་ལས་གནང་སྟངས་སྐོར་དང་། མི་མང་ནང་དུ་གསར་འགྱུར་རིག་པའི་སྐོར་ལ་མཁྱེན་རྟོགས་ཡོང་ཆེད། གསར་འགོད་པའི་ལག་དེབ་འདི་དཔར་དུ་བསྐྲུན་པ་ཡག་པོ་རེད་ལ། དེས་གསར་འགོད་པ་ཙམ་མིན་པར་མང་ཚོགས་ནང་དུ་གསར་འགྱུར་རིག་པའི་ཐོག་ལ་གོ་རྟོགས་འཕེལ་གི་རེད། ཅེས་ནོར་ཝེ་བོད་ཀྱི་རླུང་འཕྲིན་ཁང་གིས་ལས་ཞོར་དུ་དེབ་འདི་བཏོན་པར་བསྔགས་བརྗོད་གནང་ཡོད།
ནོར་ཝེ་བོད་ཀྱི་རླུང་འཕྲིན་ཁང་གི་འགན་འཛིན་ཀརྨ་ཡེ་ཤེས་ལགས་ཀྱིས་མཛད་སྒོའི་ཐོག་དེབ་འདི་དཔར་སྐྲུན་བྱེད་དགོས་པའི་དམིགས་འདུན་སྐོར་ངོ་སྤྲོད་གནང་དོན།  སྤྱིར་བཏང་བོད་ཀྱི་ལོ་རྒྱུས་ནང་དུ་གསར་འགྱུར་བརྒྱུད་ལམ་ནི་ལོ་རྒྱུས་གཏིང་རིང་པོ་དང་རྒྱ་ཆེན་པོ་གང་ཡང་མིན་ལ། དེ་ལྟར་ལོ་རྒྱུས་རྒྱུན་རིང་བོ་མིན་པར་གསར་འགྱུར་བརྒྱུད་ལམ་གྱི་ལོ་རྒྱུས་ཐུང་ཐུང་ཡིན་སྟབས། ང་ཚོའི་བོད་ཀྱི་ལོ་རྒྱུས་ནང་ནོར་ཝེ་བོད་ཀྱི་རླུང་འཕྲིན་ཁང་གིས་གསར་འགྱུར་གྱི་ལས་ཀ་བྱས་ཏེ་ལོ་ ༡༥ ཙམ་འགྲོ་གིན་ཡོད་སྟབས། དེའི་ཉམས་མྱོང་ལ་བལྟས་ཏེ་གསར་འགོད་པའི་ཉམས་མྱོང་དང་། གསར་འགོད་པས་ལས་དོན་བྱེད་ཕྱོགས་ཐད་ཆེད་དེབ་ཅིག་འདོན་ཐུབ་ན་ཡག་པོ་འདུག་ཅེས་འདས་པའི་ལོ་གཅིག་གཉིས་ལ་ཉམས་ཞིབ་བྱས་ཏེ། རྒྱལ་མཚམས་མེད་པའི་གསར་འགོད་མཐུན་ཚོགས་དང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་སྐོར་གྱི་ཡོངས་ཁྱབ་ཡིག་ཆ། དེ་བཞིན་རྒྱ་གར་གྱི་སྨྲ་བརྗོད་རང་དབང་དང་འབྲེལ་བའི་ཡིག་ཆ་ཁག་ཅིག་གཞིར་བཞག་སྟེ། གསར་འགོད་པའི་ལག་དེབ་འདི་བོད་ཀྱི་གསར་འགོད་པ་རྣམས་ལ་ཕན་ཐོགས་བྱུང་ན་བསམ་སྟེ་དཔར་སྐྲུན་བྱས་པ་ཡིན་ཞེས་གསུངས་ཡོད།
དེབ་འདིའི་ནང་དུ། གསར་འགོད་པའི་གཞི་རྩའི་ཁེ་དབང་གི་ཡིག་ཆ་ཁག་དང་གསར་འགོད་པའི་ལྟ་སྤྱོད་སྐོར་གྱི་ཡིག་ཆ་ཁག འཁྲུག་འཛིང་ཡོད་སའི་ས་ཁུལ་དུ་གསར་འགོད་པའི་བདེ་འཇགས་དང་སྲུང་སྐྱོབ་སྐོར་གྱི་ཡིག་ཆ། འཕྲོད་བསྟེན་ལ་ཐུགས་སྣང་སྐོར། ཟིང་འཁྲུག་ཡོད་སར་ཉེན་སྲུང་བྱེད་ཕྱོགས། དམག་སར་ཉེན་སྲུང་བྱེད་ཐབས། གསར་འགོད་པ་དང་ལས་རོགས་སྲུང་སྐྱོབ་བྱེད་ཕྱོགས། ནད་པ་དང་རྨས་མར་འཕྲལ་སེལ་སྨན་བཅོས། རྒྱལ་མཚམས་མེད་པའི་གསར་འགོད་མཐུན་ཚོགས་ཀྱིས་གསར་འགོད་པར་སྲུང་སྐྱོབ་བྱེད་ཕྱོགས་སྐོར། གཞུང་འཛིན་མ་ཡིན་པའི་ཚོགས་པ་ཁག་དང་། རྒྱལ་སྤྱིའི་རྒྱ་གྲམ་དམར་བོའི་ལྷན་ཚོགས་ལ་འབྲེལ་བ་བྱེད་ཐབས། རྒྱ་གར་གྱི་རྩ་ཁྲིམས་དོན་ཚན་བཅུ་དགུ་པའི་ནང་གསལ་སྨྲ་བརྗོད་རང་དབང་དང་འབྲེལ་བའི་ཁེ་དབང་། མི་མང་ངམ་མི་དཀྱུས་མས་གསར་འགོད་པ་བྱེད་ཕྱོགས་སྐོར་སོགས་ལེའུ་ཆེན་པོ་བཅུ་གཉིས་ཡོད་ལ། ཟུར་སྦྱར་གསུམ་དང་ཤོག་ངོས་ ༡༣༤ ཡོད་འདུག

དེབ་ཀྱི་སྔོན་གླེང་ནང་། དམངས་གཙོའི་སྤྱི་ཚོགས་ཚད་ལྡན་ཡོང་སླད་མང་ཚོགས་ཀྱི་ཤེས་ཡོན་གནས་ཚད་དང་། མཉམ་ཞུགས་སོགས་ནི་མེད་དུ་མི་རུང་བའི་ཆ་རྐྱེན་གལ་ཆེ་ཞིག་ཡིན་པར་ཐེ་ཚོམ་མི་དགོས། དེར་བརྟེན་མང་ཚོགས་ཀྱི་ཤེས་ཡོན་གོང་འཕེལ་ཇེ་ཆེར་གཏོང་སླད་གཞུང་སྒེར་སྒྲིག་འཛུགས་ཁག་དང་། ལྷག་པར་གསར་འགྱུར་བརྒྱུད་ལམ་ལ་རག་ལས་ཡོད་སྟབས། གཞུང་མང་བར་ཟམ་པ་ལྟ་བུའི་ཚད་ལྡན་གྱི་བརྒྱུད་ལམ་དགོས་རྒྱུ་ནི་གལ་འགངས་ཆེ། དེའི་ཆེད་བོད་མིའི་ཁྲོད་ཡོད་པའི་གསར་འགྱུར་བརྒྱུད་ལམ་ཁག་ལ་ཞབས་འདེགས་ཕྲན་བུ་བསྒྲུབ་སླད་གསར་འགོད་པའི་ལག་དེབ་ཅེས་པ་གསར་འགོད་པར་མཁོ་གནད་ཆེ་བའི་དེབ་ཆུང་འདི་བཞིན། གཙོ་ཆེ་རྒྱལ་མཚམས་མེད་པའི་གསར་འགོད་མཐུན་ཚོགས་དང་། དེ་བཞིན་སྨྲ་བརྗོད་རང་དབང་དང་གསར་འགོད་རང་དབང་དང་འབྲེལ་ཡོད་ཡིག་ཆ་ཁག་འགའ་ཞིག་ནས་ཟུར་འདོན་གྱིས་དབྱིན་ཡིག་ནས་བོད་ཡིག་ཐོག་ཕབ་སྒྱུར་དང་ཕྱོགས་སྒྲིག་ཞུས་ཡོད་ཅེས་དང་། ད་ལྟ་བོད་མིའི་སྤྱི་ཚོགས་ཁྲོད་གསར་འགོད་པའི་ཕྱག་ལས་གནང་བཞིན་པ་དང་། འབྱུང་འགྱུར་དེ་ལྟའི་ལས་རིགས་ནང་ཞུགས་མཁན་རྣམས་གཙོས་བོད་མིའི་སྤྱི་ཚོགས་ལ་ཐུགས་ཕན་མི་དམན་ཙམ་ཡོང་བའི་རེ་བ་དང་ཡིད་ཆེས་བྱེད་བཞིན་ཡོད་ཅེས་གསལ་འདུག

གསར་འགོད་པ། ཨ་རིག་འགྱུར་མེད།
 

བསྐྱར་བཅོས།: ༢༠༡༧/༠༢/༡༦

Leave a Reply

4 thoughts on “གསར་འགོད་པའི་ལག་དེབ་ཅིག་དབུ་འབྱེད་བྱས་པ།

  1. བྱ་བ་འདི་ཚོ་བྱ་བཟང་རེད། མཁོ་གནད་ཅན་རེད། ཤིན་ཏུ་ནས་ལེགས་པོ་བྱུང་བར་བསྔགས་པ་བརྗོད་དོ།།

    དཔེ་དེབ་འདེ་དྲ་རྒྱ་བརྒྱུད་ནས་འཐོབ་སྲིད་དམ།

    བཀྲིས་བདེ་ལེགས།

  2. མི་ནག་ཚང་ལུང་རིགས་རྒྱལ།

    ནོར་ཝེ་བོད་ཀྱི་རླུང་འཕྲིན་ཁང་གི་ལས་བྱེད་ལྷན་རྒྱས་ལ་ཐུགས་རྗེ་ཆེ།

    དེང་སྐབས་གསར་འགོད་ཀྱི་བརྒྱུད་ལམ་ཇེ་མང་དང་། མི་སེར་གསར་འགོད་པའི་གྲངས་ཀ་ཇེ་མང་དུ་འགྲོ་བཞིན་པའི་སྐབས་སུ། རང་ཅག་ལའང་འདི་ལྟའི་ཚད་ལྡན་གྱི་ལག་དེབ་དང་། ལམ་ཡིག་གསལ་བོ་རེ་དགོས་རྒྱུ་གལ་ཆེན་པོ་རེད། སྙིང་ཐག་པ་ནས་ཐུགས་རྗེ་ཆེ། བོད་པའི་གསར་འགོད་པ་དག་གིས་ཀྱང་ལག་དེབ་འདི་ནོར་ཝེ་རླུང་འཕྲིན་ཁང་གཅིག་པུ་མིན་པར། སོ་སོའི་ཉིན་རེའི་ལག་དེབ་ལ་ཉར་ཐུབ་ན་དགེ་མཚན་ཤིན་ཏུ་ཆེའོ།

  3. ལྷ་མོ་དོན་གྲུབ།

    གཞུང་མང་བར་ཟམ་པ་་་ཟེར་བ་འདི་ཅི་རེད། གཞུང་མང་པོའི་བར་་་ཡང་ན་གཞུང་དམངས་ཀྱི་དོན་རེད། དེ་ཡིན་ན། རྒྱལ་འབངས་དང་གཞུང་དམངས་ཟེར་བ་འདི་མི་ལེགས་སམ།

  4. ཨ་མཆོད་འཇམ་དཔལ་ཚུལ་ཁྲིམས།

    ངའི་གོ་བའི་སྨྲ་བརྗོད་རང་དབང་ནི་རང་གིས་འགན་ཁུར་བ་དང་ཁུངས་ལྡན་པའི་སྒོ་ནས་ཅང་ཡང་བཤད་ཆོག་པ་དེ་ཡིན། འོ་ན་གསར་འགོད་པ་ཚོར་སྤྱི་ཚོགས་ཀྱི་བདེ་འཇགས་སོགས་ལ་འགན་འཁུར་བའི་ཚད་བཀག་ཅིག་ཡོད་པ་མིན་ནམ་ཞེ་ན་ཡིན། ཡོད་ཀྱང་ཚད་བཀག་དེ་གསར་འགོད་པ་རང་ངོས་བྱེད་དགོས་པ་ལས་གཞན་གྱིས་བྱེད་རྒྱུ་ཞིག་ཡེ་ནས་མིན། གལ་སྲིད་གཞན་གྱིས་འདི་སྤེལ་ཆོག་དང་མི་ཆོག་གི་ཚད་བཀག་བྱས་ན་གསར་འགོད་རང་དབང་ལ་ཚད་བཀག་ཐེབས་སོང་བ་ཡིན་པར་བདག་འདོད།