ཛ་དྲག་གི་འབོད་སྐུལ།

དྲག་ཆར་དཀའ་ངལ་འོག་གི་པ་ཀི་སི་ཐན་མང་ཚོགས་ཀྱི་མང་ཚོགས་ལ་ཨ་སྒོར་དུང་ཕྱུར ༤༌༦ ཙམ་ཛ་དྲག་གི་རོཊ་སྐྱོར་དགོས་པའི་འབོད་སྐུལ་ཞུས་འདུག

ཕྱི་ཚེས་ ༡༡ ཉིན་བྷི་བྷི་སི་གསར་ཁང་གིས་གནས་ཚུལ་སྤེལ་བ་ལྟར་ན། ཚེས་ ༡༠ ཉིན་མཉམ་འབྲེལ་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་བདེ་རྩའི་ལས་དོན་འགན་ཁུར་བ་སྐུ་ཞབས་མོ་སི་མཆོག་གིས་ཡོངས་ཁྱབ་འབོད་སྐུལ་ཞིག་ཞུས་པའི་ནང་། ཁོང་གིས་ པ་ཀི་སི་ཐན་ནང་གི་ཆུ་ལོག་གི་གནོད་འཚེ་ཐེབས་པའི་མང་ཚོགས་ཀྱི་གནས་སྐབས་ཀྱི་དཀའ་ངལ་སེལ་བར་འཛམ་གླིང་རྒྱལ་ཁབ་ཁག་གིས་ངེས་པར་དུ་ཨ་སྒོར་དུང་ཕྱུར་ ༤༌༦ ཙམ་གྱི་ཛ་དྲག་རོགས་སྐྱོར་གནང་དགོས་ཀྱི་འདུག་ཅེས་བརྗོད་འདུག་ཅིང་། དེ་ནི་མ་འོངས་པའི་ཟླ་གསུམ་གྱི་གནོད་ཐེབས་མང་ཚོགས་ཀྱི་སྔོན་རྩིས་འགྲོ་སོང་ཡིན་འདུག སྐུ་ཞབས་མོ་སི་ཡིས་སྒོར་མོ་དེ་དག་འབྲུ་རིོགས་དང་འཐུང་ཆུ། སྨན་རྫས་དང་གུར་སོགས་ཉོ་བྱེད་དུ་བེད་སྤྱོད་གཏོང་རྒྱུ་ཡིན་ཞེས་བརྗོད་ཡོད།

 

ཡུལ་དེའི་གནམ་གཤིས་ལས་ཁུངས་ཀྱིས་མ་འོངས་པའི་ཉིན་ཤས་ནང་ཆར་པ་འབབ་མཚམས་འཇོག་རྒྱུ་ཡིན་ཚུལ་བརྗོད་ཡོད། ཁོས་མུ་མཐུད་དོན། པ་ཀི་སི་ཐན་གྱི་མི་གྲངས་བརྒྱ་ཆའི་བཅུ་ལ་ཐེངས་འདིའི་ཆུ་ལོག་གི་གནོད་འཚེ་ཐེབས་ཡོད་པར་མ་ཟད། དེའི་ནང་གི་མི་ས་ཡ་དྲུག་ ༦༠༠༠༠༠༠ ཙམ་ལ་ཛ་དྲག་རོགས་རམ་བྱ་དགོས་ཀྱི་འདུག་ཅེས་དང་། མ་གཞི་པ་ཀི་སི་ཐན་སྲིད་གཞུང་གིས་མྱུར་སྐྱོབ་དང་རོགས་རམ་གང་ཅིའི་ཐད་ཤུགས་སྣོན་རྒྱག་གི་ཡོད་ཀྱང་། ཕྱོགས་ཐམས་ཅད་ནས་ནུས་པ་ཏག་ཏག་ཅིག་ཐོན་ཐུབ་ཀྱི་མི་འདུག་ཅེས་བརྗོད་ཡོད། ཐེངས་འདིར་དྲག་ར་འབབ་ཡུན་རིང་པས་གནོད་ཐེབས་མང་ཚོགས་ཁྲོད་བཤལ་ནད་ཀྱིས་མཚོན་པའི་ནད་རིགས་འདྲ་མིན་འབྱུང་བཞིན་ཡོད་སྟབས། ཁོང་གིས་མཉམ་འབྲེལ་རྒྱལ་ཚོགས་དང་རྒྱལ་སྤྱིའི་སྤྱི་ཚོགས་བཅས་ནས་ཤུགས་ཆེའི་རོགས་རམ་གནང་དགོས་པའི་འབོད་སྐུལ་ཞུས་ཡོད།

པ་ཀི་སི་ཐན་གྱི་མྱུར་སྐྱོར་རོགས་རམ་ཧ་ཅང་དུས་ཐོག་ལ་འབྱོར་ཐུབ་ཀྱི་མེད་སྟབས། ད་ལྟ་མང་ཚོགས་ཁྲོད་སྲིད་གཞུང་ལ་སྐྱོན་བརྗོད་བྱེད་མཁན་ཇེ་མང་དུ་འགྲོ་བཞིན་ཡོད་ཅིང་། ས་ཁུལ་རེ་ཟུང་དུ་མང་ཚོགས་ཀྱིས་གཞུང་གི་ལས་བྱེད་ལ་རྒོལ་རྡུང་བཏང་བའི་གནས་ཚུལ་ཡང་བྱུང་འདུག པ་ཀི་སི་ཐན་གྱི་ཆུ་ལོག་གི་གནོད་འཚེ་དེའི་ཁྲོད་མི་ཆིག་སྟོང་དྲུག་བརྒྱ་ ༡༦༠༠ ཙམ་ཤི་ཡོད་པ་དང་། གཞན་མི་ས་ཡ་ ༡༢ ཙམ་གྱི་འཚོ་བར་གནོད་སྐྱོན་དང་། དེ་དག་ལས་མི་ཁྲི་ ༥༠ ཙམ་རང་ཡུལ་ནས་ཉེན་གཡོལ་དུ་འགྲོ་དགོས་བྱུང་ཡོད། མཉམ་འབྲེལ་རྒྱལ་ཚོགས་ཀྱིས་འབོད་སྐུལ་ཞུས་མཚམས་དབྱིན་ཇིའི་སྲིད་གཞུང་ནས་པ་ཀི་སི་ཐན་གྱི་གནོད་ཐེབས་མི་མང་ཁྲི་ ༡༥༠ ཙམ་གྱི་འཚོ་བར་རོགས་སྐྱོར་བྱ་རྒྱུར་ཁས་ལེན་བྱས་ཡོད་པ་རེད།

གསར་འགོད་པ། དཔལ་ལྡན་རྒྱ་མཚོ།

བསྐྱར་བཅོས།: ༢༠༡༧/༠༢/༡༦

Leave a Reply

7 thoughts on “ཛ་དྲག་གི་འབོད་སྐུལ།

  1. རྒྱུ་དང་འབྱོར་བའི་ཕྱུགས་པའི་བོད་རིགས་རྒྱུ་ཆེན་ངོ་ཆེན་ཚོས་རྒྱུ་དངོས་དག་མི་སྒེར་བསམ་བློ་མ་འཁོར་བར་བོད་པ་ཚང་གི་ཡ་རབས་བཟང་སྤྱོད་ཀྱི་གཤིས་ཀ་ཁྱེར་ཏེ་དཀའ་ངལ་འཕྲད་བཞིན་པའི་གཞི་རིམ་མི་མང་ཚོར་ཞལ་འདེབས་རེ་འབུལ་ཐུབ་ཚེ་སྔོན་ཐོན་རེད།