༧གོང་ས་མཆོག་གི་ཆིབས་བསྒྱུར།

སོ་སོའི་ལུས་དེ་བོད་མིའི་ཤ་ཁྲག་ལས་གྲུབ་པའི་ལུས་པོ་ཆགས་ཡོད་སྟབས། མ་འོངས་པར་ཁྱེད་རང་ཚོས་རང་ཉིད་བོད་པ་ཡིན་བསམ་པའི་འདུ་ཤེས་མ་བརླག་པའི་ཐོག་ནས་བོད་མི་རིགས་ཀྱི་རིག་གཞུང་ལ་བདག་པོ་རྒྱག་ཐུབ་ན། བོད་པའི་རྣམ་པ་ཚང་གི་ཡོད་ཅེས་༸གོང་ས་མཆོག་གིས་པ་ཏི་ཀུལ་བོད་ཁྱིམ་དུ་བཀའ་སློབ་གནང་ཡོད།

ཟླ་འདིའི་ཕྱི་ཚེས་ ༡༦ ཉིན་གྱི་སྔ་དྲོར་༸གོང་ས་མཆོག་བཞུགས་སྒར་ནས་རྒྱ་གར་བྱང་ཕྱོགས་ཧི་མ་ཅན་མངའ་སྡེའི་མུ་ན་ལི་དང་ཇིལ་སི་པི་ས་གནས་སུ་ཆིབས་བསྒྱུར་གནང་ཡོད་ལ། ཕེབས་ལམ་དུ་ཀུ་ལུའུ་ས་གནས་སུ་ཡོད་པའི་དྭགས་པོ་བཤད་སྒྲུབ་གླིང་གི་དྭགས་པོ་དགོན་པར་ཞབས་སོར་བཀོད་པ་དང་། དགོན་པའི་དགེ་འདུན་པ་རྣམས་ཀྱིས་༸གོང་ས་མཆོག་ལ་རིགས་ལམ་རྩོད་སྒྲུབ་ཀྱི་ཐོག་ནས་དམ་བཅའ་དང་རྟགས་གསལ་སྤྱན་འབུལ་ཞུས་ཤིང་། ༸གོང་ས་མཆོག་གིས་དེར་ཡོད་ཕྱི་གླིང་བ་དང་རྒྱ་རིགས། རང་རིགས་སེར་སྐྱ་མང་ཚོགས་ ༣༠༠༠ བརྒལ་བར་སྔོན་འགྲོའི་གསུང་ཆོས་དང་བྱང་སེམས་ཀྱི་སྡོམ་པ་བསྩལ་བར་མ་ཟད། དྭགས་པོ་རིན་པོ་ཆེ་མཆོག་གིས་༸གོང་ས་མཆོག་ལ་མནྜལ་རྟེན་གསུམ་འདེགས་འབུལ་ཞུས་ཡོད་པ་རེད། ཉིན་རྒྱབ་༸གོང་ས་མཆོག་མུ་ན་ལི་ནས་པ་ཏི་ཀུལ་བོད་ཁྱིམ་ལས་རིགས་སློབ་གྲྭར་ཆིབས་བསྒྱུར་བསྐྱངས་ཏེ། དགེ་ལས་སློབ་ཕྲུག་རྣམས་ལ་བཀའ་སློབ་གསུང་བཤད་གནང་ཡོད་པ་རེད།

སྐབས་དེར་༸གོང་ས་མཆོག་གིས། ད་ལྟའི་དུས་འདིར་ང་ཚོ་བོད་མི་རྣམས་ས་ཆ་གང་སར་ཁ་འཐོར་དུ་གནས་ཡོད་པ་རེད། ཡིན་ནའང་། ང་ཚོ་བོད་པ་ཡིན་པ་དེ་མ་ཤི་བར་དུ་འགྱུར་བ་འགྲོ་རྒྱུ་ཁྱོན་ནས་ཡོད་པ་མ་རེད། སོ་སོའི་ལུས་དེ་བོད་མིའི་ཤ་ཁྲག་ལས་གྲུབ་པའི་ལུས་པོ་ཆགས་བསྡད་ཡོད་སྟབས། མ་འོངས་པར་ཁྱེད་རང་ཚོའི་རང་ཉིད་བོད་པ་ཡིན་བསམ་པའི་འདུ་ཤེས་མ་བརླག་པའི་ཐོག་ནས་བོད་མི་རིགས་ཀྱི་རིག་གཞུང་ལ་བདག་པོ་རྒྱག་ཐུབ་པ་ཡིན་ན། བོད་པའི་རྣམ་པ་ཚང་གི་ཡོད། སོ་སོའི་ཤ་ཁྲག་རུས་གསུམ་བོད་པ་ཡིན་ཡང་བོད་སྐད་དང་བོད་ཡིག་མི་ཤེས་པར་མ་ཟད། རང་གི་རིག་གཞུང་ལ་དོ་སྣང་མེད་པའི་ངང་བསྡད་ན། བོད་པ་ཕྱེད་ཀ་ལྟ་བུ་ཞིག་རེད་ཅེས་བཀའ་སློབ་གནང་བ་དང་འབྲེལ། དེར་ཡོད་ལས་བྱེད་ཟུར་པ་བགྲས་སོང་ཁག་ཅིག་ལ་ཐུགས་བརྩེ་བ་ཆེན་པོས་འཚོ་གནས་ཀྱི་དུས་སྐབས་འདི་དོན་ལྡན་གྱིས་བསྐྱལ་དགོས་པ་དང་། མི་ཚེ་མཐའ་མའི་དུས་སྐབས་འདིར་དགེ་བ་སྒྲུབ་པ་དང་མཉམ་དུ་རང་ཉིད་ཀྱི་སྨན་བཅོས་འཕྲོད་བསྟེན་ལ་བདག་པོ་ཡག་པོ་རྒྱག་དགོས་པའི་བཀའ་སློབ་གནང་ཡོད་ལ། དེར་ཡོད་སྐྱེ་རྒུ་མདོའི་ས་ཡོམ་བྱུང་ཡུལ་གྱི་སློབ་མ་ཁག་ཅིག་ལ་དམིགས་བསལ་གྱི་མཇལ་ཁ་དང་བཀའ་སློབ་གནང་ཡོད་པ་རེད།

དེ་རིང་སྔ་དྲོར་ཐེངས་འདིའི་དྭགས་པོ་བཤད་སྒྲུབ་གླིང་དགོན་པ་དང་པ་ཏི་ཀུལ་བོད་ཁྱིམ་ལས་རིགས་སློབ་གྲྭ མུ་ན་ལིར་བཅས་ཀྱི་མཛད་འཕྲིན་ཡོངས་སུ་གྲུབ་ཏེ་རོ་ཐང་ལར་བསང་གསོལ་གྱི་མཛད་སྒོ་ཞིག་གནང་ཡོད་ལ། ཉིན་རྒྱབ་སི་པ་ཁུལ་ཏུ་ཆིབས་བསྒྱུར་གནང་ཡོད། 

 
གསར་འགོད་པ་དོན་གོ།

བསྐྱར་བཅོས།: ༢༠༡༧/༠༥/༠༢

Leave a Reply

9 thoughts on “༧གོང་ས་མཆོག་གི་ཆིབས་བསྒྱུར།

  1. མཁའ་དབུགས་གསར་བ

    སློབ་གསོ་ཁོ་ན་བཏང་བ་ཙམ་གྱིས་སློབ་གསོ་འཕེལ་རྒྱས་སུ་གཏོང་མི་ཐུབ།
    གོང་ས་མཆོག་གིས་ཀྱང་གསུང་ནས་འདུག་རྒྱུ་ལས་དམིགས་ཡུལ་ཡོད་པའི་སློབ་གསོའི་འཆར་གཞི་ཞིག་དང་སྲིད་ཇུས་ཅིག་གཏན་འབེལ་བྱས་ནས་ཤེས་རྒྱག་དགོས་པར་འདོད། གསུང་ནས་བསྡད་པ་ཁོ་ནས་གོང་ས་མཆོག་གིས་མི་ལོ་བཞི་བཅུ་ལྷག་གི་སྔོན་ནས་དགེ་འདུན་པའི་སྡེ་ཡིས་ཚན་རིག་ལ་འབད་པ་བྱོས་ཞེས་ཡང་ནས་བསྐྱར་དུ་གསུངས་ཀྱང་། ན་ནིང་ཚན་རིག་འཛིན་གྲྭ་ཐོག་མ་ཙམ་ལས་ཐོན་མ་ཐུབ་ལ། ཁོ་ཚོ་ཡང་ལོ་རེར་གཟའ་འཁོར་འགའ་མ་གཏོགས་ཚན་རིག་སློབ་སྦྱོང་དང་ཉམས་ལེན་གྱི་གོ་སྐབས་མེད་པ་རེད། འདི་ལྟར་གསུངས་ནས་བསྡད་ན་མ་འོངས་པའི་མི་ལོ་སུམ་ཅུ་འགོར་ཚེ་ཡང་བསྐྱར་ང་ཚོས་སློབ་གསོ་འཐུས་ཤོར་རུ་བཏང་སོང་ཞེས་འགྱོད་པ་སྐྱེས་དུས་ཚར་སོང་བ་རེད།