ལ་དྭགས་སུ་ཆུ་ལོག་གི་གནོད་སྐྱོན་ཁྲོད་མི་ ༡༨༥ རྐྱེན་འདས།

རྒྱ་གར་བྱང་ཤར་གྱི་ཇ་མོ་ཀཤི་སྨེར་མངའ་སྡེའི་རྒྱལ་ས་ནས་སྤྱི་ལེ་ ༤༢༤ དང་རྒྱ་མཚོའི་ངོས་ནས་མཐོ་ཚད་མི་ཊར་ ༣༥༠༥ ཡོད་པའི་ལ་དྭགས་ཁུལ་ཏུ་ཆུ་ལོག་གིས་རྐྱེན་པས་མི་རྒྱུ་གཉིས་ལ་གོ་ཆག་ཚབས་ཆེན་བྱུང་ཡོད།

ཟླ་འདིའི་ཕྱི་ཚེས་ ༦ ཉིན་གྱི་ཞོགས་པར་ཆུ་སྤྲིན་འཐོར་ཞིང་ཆུ་ལོག་གིས་ལ་དྭགས་རྒྱལ་ས་སླེ་དང་གཞན་དེའི་ཉེ་འགྲམ་ས་གནས་ཅོག་ལམ་ས་དང། ཟ་སྦོ། སྤེ་ཡན། ཤ་པོ་བཅས་ས་ཁུལ་ལྔ་ལ་ཆུ་ལོག་གི་གནོད་སྐྱོན་ཐེབས་ཡོད་ཅིང། ས་ཁུལ་དེ་དག་གི་གཞུང་ལམ་དང་ཟམ་པ། སྨན་ཁང་། སློབ་གྲྭ གཞུང་ལས་ཁང་། རླུང་འཁོར་འབབ་ཚིགས། རླུང་འཕྲིན་བརྒྱུད་བསྒྲགས་བསྟི་གནས། ཁ་པར་དྲ་ཚིགས་སོགས་རྨང་གཞིའི་འཛུགས་སྐྲུན་གྱི་བརྒྱ་ཆའི་བརྒྱད་ཅུར་ཆུ་ལོག་དང་ས་རུད་ཀྱིས་གནོད་སྐྱོན་ཕོག་ཡོད་ལ། ས་གནས་མི་མང་གི་སྡོད་ཁྱིམ་དང་སྒོ་ཕྱུག་ལའང་ཚབས་ཆེའི་ཆག་སྐྱོན་བྱུང་འདུག

དུས་རྒྱུན་ཆར་ཞོད་ཉུང་པའི་ཧི་མ་ལ་ཡའི་རི་རྒྱུད་ཀྱི་ལ་དྭགས་ཡུལ་དུ་ཚེས་ ༦ གི་ཞོགས་པའི་དུས་ཡུན་ཆུ་ཆོད་༢:༣༠ ལྷག་གི་རིང་བབས་པའི་དྲག་ཆར་དང་ཆུ་སྤྲིན་འཐོར་བ་དེའི་རྐྱེན་པས་སའི་རྒྱ་ཁྱོན་ཀི་ལོ་མེ་ཊར་གྲུ་བཞི་མ་ ༡༥༠ བརྒལ་བར་ཆུ་ལོག་དང་ས་རུད་ཀྱི་གནོད་སྐྱོན་ཚབས་ཆེན་བྱུང་བའི་ཁྲོད། བྷི་བྷི་སིས་གནས་ཚུལ་སྤེལ་གསལ་ལྟར་ན་ད་ལྟའི་བར་རྙེད་སོན་བྱུང་པའི་འདས་མིའི་ཁ་གྲངས་ ༡༨༥ ལ་སླེབས་ཡོད་པ་ལས། མི་ ༡༣ བལ་ཡུལ་ནས་ཡིན་ཞིང་། གཞན་ཧྤ་རན་སིའི་མི་ ༣། སི་པན་གྱི་མི་གཅིག ཨི་ཊ་ལིའི་མི་གཅིག་བཅས་ནུབ་ཕྱོགས་ཀྱི་ཡུལ་སྐོར་སྤྲོ་འཆམ་པ་ལྔ་ཡང་རྐྱེན་ལམ་དུ་ཕྱིན་འདུག རྨས་རྐྱོན་ཐེབས་པའི་གྲངས་ཚད་མི་ ༥༠༠ ལྷག་དང་། རྒྱ་གར་གྱི་དམག་མི་ ༣༠ ཚུད་པའི་མི་གྲངས་ ༤༠༠ ལྷག་ད་དུང་རྙེད་སོན་བྱུང་མེད་པའི་གནས་ཚུལ་བཀོད་ཡོད།

ལ་དྭགས་བོད་མིའི་གཞིས་སྒར་ཁག་ ༡༢ ལས་ཆུ་ལོག་གིས་གནོད་སྐྱོན་ཐེབས་ཁུལ་ནི་གཞིས་སྒར་ ༡༠ དང་ ༡༡། ༡༢ པ་ཅོག་ལམ་ས་རེད། གཞིས་སྒར་གསུམ་གྱི་རྒྱུ་དངོས་སྒོ་ཕྱུག་དང་སྡོད་ཁང་སོགས་ལས་མི་སུ་ལའང་ཚེ་སྲོག་གི་བར་ཆད་བྱུང་མེད། འོན་ཀྱང་ཟླ་བ་ཚེ་རིང་འབོད་པའི་ཕ་པ་སངས་ཚེ་རིང་དང་། ཨ་མ་ཚེ་རིང་དབྱངས་སྐྱིད། བུ་མོ་བསྟན་འཛིན་གསུམ་སྐབས་དེར་ལ་དྭགས་ཀྱི་རྒྱལ་ས་སླེ་རུ་ཡོད་པ་ཐེངས་འདིའི་ཆུ་ལོག་གི་གནོད་སྐྱོན་འོག་འདས་གྲོངས་སུ་གྱུར།

བོད་མིའི་ས་གནས་བདེ་དོན་འགན་འཛིན་བཀྲ་ཤིས་ཚེ་བརྟན་གྱིས་བརྗོད་པར། ད་ལྟའི་ཆར་དཀའ་ངལ་ཆེ་ཤོས་ནི་འབྲེལ་ལམ་ཆད་པས་མྱུར་སྐྱོབས་སྡེ་ཚན་ཁག་དང་དེ་མིན་འབྲེལ་ཡོད་ལས་ཁུངས་དང་མི་སྣ་ཚན་པ་སོགས་ལ་འབྲེལ་བ་བྱེད་དཀའ་བ་དེ་རེད་ཟེར། 

བོད་གཞུང་ནང་སྲིད་ལས་ཁུངས་ཀྱི་དྲུང་ཆེ་དངོས་གྲུབ་རྡོ་རྗེ་ཟླ་འདིའི་ཚེས་ ༡༡ ཉིན་ཆུ་ལོག་གིས་གནོད་སྐྱོན་ཐེབས་པའི་ལ་དྭགས་ས་གནས་བོད་མིའི་གཞིས་སྒར་ཁག་ལ་ལྟ་སྐྱོང་གཟིགས་སྐོར་དུ་ཕེབས་ཤིང་། ཁོང་ལ་འདི་ག་གསར་ཁང་ནས་འབྲེལ་བ་བྱས་པར། བོད་མིའི་གཞིས་སྒར་ ༡༢ ཡོད་པའི་ནང་གི་གཞིས་སྒར་ ༡༠ དང་ ༡༡། ༡༢ བཅས་གསུམ་ལས་སྡོད་ཁང་ ༦༣ ལ་ཆུ་ལོག་དང་དྲག་ཆར་གྱིས་གཏོར་སྐྱོན་ཕོག་ཡོད་པའི་ཁྲོད་སྡོད་ཁང་ ༡༠ རྨང་ནས་གཏོར་བཤིག་ཏུ་ཕྱིན་ཞིང་། གཞན་སྡོད་ཁང་མང་པོ་ཞིག་བྱེ་འདམ་གྱིས་ཁེངས་ཏེ་བཤིག་གསོ་བྱ་དགོས་པའི་གནས་སུ་གྱུར་འདུག་ཅེས་བརྗོད་བྱུང་།

རྒྱ་གར་གནམ་གྲུ་སྲིད་བློན་ལས་ཁུངས་ཀྱིས་ཕྱིར་བསྒྲགས་བྱས་པའི་གནས་ཚུལ་ལྟར་ན། ད་ལྟའི་བར་རྒྱ་གར་དང་ཕྱི་གླིང་པའི་ཡུལ་སྐོར་སྤྲོད་འཆམ་པ་ ༡༣༡༤ ཙམ་རྒྱལ་ས་སླེ་ནས་རྒྱ་གར་གྱི་རྒྱལ་ས་ལྡི་ལུར་གནས་སྤོར་བྱས་འདུག
སྡོད་ཁང་མེད་པའི་ས་གནས་མང་ཚོགས་ ༢༠༠༠ མ་ཟིན་ཙམ་ལ་རྒྱ་གར་དབུས་གཞུང་གི་གོ་སྒྲིག་འོག་གཞིས་སྒར(གུར་ཕུབ་པའི་སྐབས་གནས་སྡོད་སྒར) གོ་སྒྲིག་གིས་ལྟ་རྟོག་རོགས་རམ་བྱེད་ཀྱིན་ཡོད། རྒྱ་གར་ནང་སྲིད་བློན་ཆེན་ཅཱི་དམ་བྷ་རིམ་ ( P.Chidambaram) གྱིས་མྱུར་སྐྱོབ་དམག་དཔུང་དང་། རྒྱ་གར་དང་བོད་ས་འབྲེལ་དམག་མི་ ༦༠༠༠ ལྷག དེ་བཞིན་ནད་སྐྱོབ་རུ་ཁག་སོགས་ཆུ་ལོག་གིས་གནོད་སྐྱོན་ཕོག་པའི་ལ་དྭགས་ས་གནས་སུ་བཏང་ཡོད་པར་བརྗོད།
 
གསར་འགོད་པ། བནྟེ་སྐྱབས།

བསྐྱར་བཅོས།: ༢༠༡༧/༠༢/༡༦

Leave a Reply

7 thoughts on “ལ་དྭགས་སུ་ཆུ་ལོག་གི་གནོད་སྐྱོན་ཁྲོད་མི་ ༡༨༥ རྐྱེན་འདས།

  1. ཇི་སྲིད་ནམ་མཁའ་གནས་པ་དང་།a
    འགྲོ་བ་ཇི་སྲིད་གནས་གྱུར་པ་།
    དེ་སྲིད་བདག་ནི་གནས་གྱུར་ནས་།
    འགྲོ་བའི་སྡུག་བསྔལ་སེལ་བར་ཤོག་།

  2. རང་བྱུང་འབྱུང་བའི་གོད་ཆག་ཁྲོད།།
    ཤི་རྨས་གཉེན་བྲལ་འབྱོར་ཕོངས་ཀུན།།
    ལས་ངན་འབྲས་བུའི་མཐའ་ཟད་དེ།།
    བདེ་ནས་བདེ་བར་མྱུར་བགྲོད་ཤོག།

  3. བཀྲ་ཤིས་དོན་གྲུབ།

    གོང་དུ་སེམས་བཟང་གི་བོད་པ་འགས། འགྲོ་སོང་མེད་ཡིག་དྲུག་རེ་བགྲང་གི་འདུག་པས་་ ངས་ཀྱང་ཆོས་པ་ཡིན་མདོག་དང་། སྙིང་རྗེ་ཡོད་མདོག ཡ་རབས་ཡིན་མདོག་གི་བོད་པའི་གཤིས་བཟང་དེ་ཁུར་ནས། ཡིག་དྲུག་རེ་བགྲང་གི་ཡོད། འོན་ཀྱང་རྒྱུ་དངོས་ཀྱི་ཞལ་འདེབས་ཧཧཧཧཧཧཧཧཧ་????