སྒྱིས་ཚང་སྟག་སྨིག་འཇུས་པ།

ལོ་སྔོན་མར་བོད་ལ་རང་དབང་མེད་པའི་སྐོར་གྱི་སྙན་ཞུ་ཞེས་པའི་འོད་སྡེར་བཀྲམས་མཁན། རྩོམ་པ་པོ་སྒྱིས་ཚང་སྟག་སྨིག་གམ་སྐལ་བཟང་ཚུལ་ཁྲིམས་ལགས་འཇུས་འདུག 

སྐལ་བཟང་དམ་ཆོས་ལགས་ཀྱིས་འདི་གར་གནས་ཚུལ་མཁོ་སྤྲོད་བྱས་དོན། རྩོམ་པ་པོ་སྟག་སྨིག་གམ་སྐལ་བཟང་ཚུལ་ཁྲིམས་ལགས་སྲིད་དོན་གྱི་ནག་ཉེས་འོག ལོ་གཅིག་རིང་བྲོས་བྱོལ་གྱི་འཚོ་བ་བསྐྱལ་ནས་བསྡད་པ་དང། ཉེ་ཆར་ཕྱི་ཟླ་བདུན་པའི་ཚེས་བདུན་གྱི་དགུང་མོར་སི་ཁྲོན་མཛོད་དགེ་རྫོང་ཐོག་ཏུ་རྫོང་གི་ཉེན་རྟོག་པ་དང་། ཀན་ལྷོ་ཁུལ་གྱི་ཉེན་རྟོག་མི་སྣ་ཟླ་བསྒྲིལ་གྱིས་འཇུ་བཟུང་གིས་གཙོད་སྤྱི་བདེ་ལས་ཁུངས་སུ་ཁྲིད་འདུག

དེའི་རྗེས་ནང་མི་ཉེ་འབྲེལ་གྱིས་རྩད་གཅོད་གང་མང་བྱས་ཀྱང་གནས་ཚུལ་གང་ཡང་འགྲེལ་བཤད་བརྒྱབས་མི་འདུག  

ཐེངས་འདིར་ཁོང་འཇུ་དོན། ཁོང་གིས་མི་ཡུལ་ལ་ཕུལ་བའི་སེམས་པ་ཞེས་པའི་དེབ་དང་འབྲེལ་བ་ཡོད་པར་མ་ཟད།བོད་ལ་རང་དབང་མེད་པའི་སྐོར་གྱི་སྙན་ཞུའི་འོད་སྡེར་ཉིས་སྟོང་ལྔ་བརྒྱ་ལྷག་ཀན་སུའུ་དང་མཚོ་སྔོན། སུ་ཁྲོན་བཅས་ཞིང་ཆེན་གསུམ་གྱི་ནང་འགྲེམ་སྤེལ་བྱས་པའི་རྐྱེན་ཡིན་པར་ཚོད་དཔག་བྱེད་ཀྱིན་ཡོད་འདུག 

ཁོང་གིས་བཀྲམས་པའི་བོད་ལ་རང་དབང་མེད་པའི་སྐོར་གྱི་སྙན་ཞུ་ཞེས་པའི་འོད་སྡེར་དེའི་ནང་གི་མངོན་འདོན་གཙོ་བོ་ནི། བོད་རྒྱལ་ཁབ་ཀྱི་རྒྱལ་ཕྲེང་ ༤༡ གི་ལོ་རྒྱུས་དང། ༡༩༥༡ ལོའི་རྒྱ་ནག་གིས་བཙན་འགེལ་བྱས་པའི་ཆིངས་ཡིག་དོན་ཚན་ ༡༧དེ་བཞིན་ ༡༩༥༩ ལོའི་དོན་རྐྱེན། ༡༩༧༩ ལོ་བར་གྱི་བཙན་བྱོལ་གཞུང་གི་ལངས་ཕྱོགས་དང་ཡར་རྒྱས་ཇི་འདྲ་ཕྱིན་ཡོད་མེད་བཅས་འདྲ་དཔར་དང་གློག་བརྙན་གྱི་ལམ་ནས་ཞིབ་ཕྲའི་གསལ་བཤད་བྱས་ཡོད།

རྩོམ་པ་པོའི་བརྗོད་དོན་ཞིག་ཏུ། ངས་མི་རིགས་འདི་ལ་བཅངས་པའི་རེ་བ་ནི་རང་རང་གིས་རང་ཚུགས་རེ་བཟུང་སྟེ། ༧པན་ཆེན་སྐུ་ཕྲེང་བཅུ་བ་ཚང་གིས་གསུངས་དོན་ལྟར་སྔོན་བྱོན་དམ་པ་ཚོའི་གསུང་དེ་དག་སེམས་ལ་བཟུང་ནས་བོད་སྐད་གཙང་མ་ཞིག་བཤད། བོད་ཡིག་ཡང་དག་ཅིག་སྦྱངས་ཏེ།མིག་རྒྱང་ཐུང་དུ་མ་བཅུག་པར་བོད་ཅེས་པའི་ཐ་སྙད་འདིར་དོན་བཤད་ལེགས་པོ་ཞིག་བྱས་ཏེ། མཐུན་སྒྲིལ་ཡག་པོའི་སྒོ་ནས་བོད་ཀྱི་རིག་གནས་ལ་གཅེས་སྤྲས་གང་ལེགས་བྱ་དགོས་པ་དང།གནས་ཚུལ་ཆུང་ཆུང་རེའི་སྟེང་ནས་རང་གི་རང་ཚུགས་འཆོར་དུ་མི་འཇུག་རྒྱུ་འདི་ཡིན་ཞེས་བརྗོད།

རྩོམ་པ་པོ་ཁོང་ནི་མདོ་སྨད་བསང་ཆུ་རྫོང་སྒྱིས་ཚང་མང་དབང་ལུང་སྡེ་བའི་ཕ་བསམ་འཕེལ་དང་མ་སྐྱིད་རིས་གཉིས་ཀྱི་བུར༡༩༨༠ སྐྱེས། ལོ་དགུའི་སྟེང་ས་གནས་སློབ་གྲྭར་འགྲིམས་ནས་བོད་རྒྱ་གཉིས་ཀྱི་སྐད་ཡིག་ལ་སྦྱངས། རང་ལོ་བཅུ་གསུམ་སྟེང་སྒྱིས་ཚང་དགའ་ལྡན་ཆོས་འཁོར་གླིང་དུ་ཆོས་སྒོར་ཞུགས། ༢༠༠༥ ལོའི་བར་གྲྭ་ཚང་གི་འདོན་ཆོག་གིས་བཙོས་ཐ་སྙད་རིག་གནས་སོགས་ལ་སྦྱང་བརྩོན་བྱས། ལོ་དེར་རྒྱུགས་སྤྲོད་ཀྱི་ལམ་ནས་བསང་ཆུ་རྫོང་ཀན་སི་ཞིང་ཆེན་ནང་བསྟན་སློབ་གླིང་ལ་ཞུགས་ཏེ་ ༢༠༠༩ ལོར་སློབ་མཐར་ཕྱིན་ཡོད།
 
གསར་འགོད་པ། བནྟེ་སྐྱབས།

བསྐྱར་བཅོས།: ༢༠༡༤/༠༣/༢༦

Leave a Reply

8 thoughts on “སྒྱིས་ཚང་སྟག་སྨིག་འཇུས་པ།

  1. སྟག་སྨིག་ལགས་འཛིན་བཟུང་བྱས་པར་བློ་ཕམ་ཆེ། ཁོང་གི་མ་འོངས་པ་ཅི་ཞིག་ཆགས་རྒྱུ་ཡིན་ནམ། བོད་མིའི་རང་དབང་འཐབ་རྩོད་པ་ཞིག་གི་འདུན་ལམ་ཅི་ལྟར་འགྱུར་རྒྱུ་ཡིན་ནམ།

  2. འཆི་མེད་སེང་གེ།

    ངོ་མ་བོད་མིའི་ལས་དབང་འདི་ལྡོག་ཐབས་དཀའ་གི ད་ཅི་ཞིག་བྱེད་དགོས་སམ། རྒྱ་མིའི་སྐུ་དྲག་དེ་ཚོ་མགོ་ནས་བཞག་ན་སྡུག་རུ་སྡུག་རུ་རེད། འཕག་ཚག་ཆུང་ཆུང་ཞིག་བྱེད་རྒྱུའི་ནུས་པ་ཡོད་ན། ཤི་རེ་ཁོ།

  3. ཐེ་བོ་ཤེས་རབ་རྒྱ་མཚོ།

    ཀ་བ་མེད་པའི་གནམ་འོག་བོད་ཡུལ་ན།།

    ཁ་ཡི་སྒོ་མོ་ཀུན་ལ་ཐོགས་ན་ཡང་།།

    ག་ལེར་བལྟས་ན་སྟག་སྨྲིག་འདྲ་བའི་བུ།།

    ང་ལ་བརྩི་རྒྱུ་མང་པོ་མ་རྙེད་ཐལ།།

    ཀ་ལིའི་ལྟག་པར་མེ་མདའི་མཆུ་བཙུགས་ཀྱང་།།

    ཁ་ནས་གླུ་ལེན་སྐྱིད་མདོག་མ་བསྟན་ན།།

    ག་ཤེད་ཅིག་ནས་ནམ་གསོད་མི་ཤེས་པའི།།

    ང་ཚོའི་སེམས་ཀྱི་འབོད་སྒྲ་ཁྱོད་ཀྱིས་བསྒྲགས།།

    ཀ་བ་བཞིན་དུ་བརྟན་པའི་བློ་སྤོབས་ཀྱིས།།

    ཁ་བའི་བདེ་སྡུག་གླེང་བའི་སྟག་སྨྲིག་པ།།

    ག་ལེར་ཁྱོད་ཀྱི་སྙན་ཞུ་ཀློག་པའི་སྐབས།།

    ང་ཡི་མགྲིན་པའི་རྩ་ལམ་སྐྱོ་བས་བརྣངས།།

    12. 09. 2009