རང་བཙན་གོམ་བགྲོད་བྱ་འཆར།
སྐུའི་གཅེན་པོ་སྟག་འཚེར་རིན་པོ་ཆེའི་མཆོག་གི་སྲས་འཇིགས་མེད་ནོར་བུ་ལགས་ཀྱིས་དབུ་ཁྲིད་པའི་བོད་དོན་གོམ་བགྲོད་པ་ཁག་ཅིག ཨ་རིའི་ཨིན་ཌའི་ཡ་ན་མངའ་སྡེ་ནས་ཁེ་ན་ཌའི་གྲོང་ཁྱེར་ཁྲོ་རིན་ཁྲོ་བར་བོད་དོན་གོམ་བགྲོད་ཀྱི་ལས་འགུལ་ཞིག་སྤེལ་འཆར་ཡོད་འདུག
འཛམ་གླིང་ཞི་བདེ་བང་ཆེན་ཞེས་པའི་དྲ་རྒྱའི་ཐོག་གནས་ཚུལ་སྤེལ་བ་ལྟར་ན།འཛམ་གླིང་ཞི་བདེ་བང་ཆེན་ཞེས་པའི་ཚོགས་པ་དེས་གོ་སྒྲིག་འོག འཆར་ཟླའི་ཟླ་བཅུ་བའི་ནང་སྐུའི་གཅེན་པོ་སྟག་འཚེར་རིན་པོ་ཆེ་ཐུབ་བསྟན་འཇིགས་མེད་ནོར་བུ་མཆོག་གི་སྲས་འཇིགས་མེད་ནོར་བུ་ལགས་ཀྱིས་དབུ་ཁྲིད་པའི་བོད་དོན་ལས་འགུལ་བ་ཁག་ཅིག ཨ་རིའི་ཨིན་ཌི་ཡ་ན་མངའ་སྡེའི་རྒྱལ་ས་ནས་མགོ་འཛུགས་གནང་སྟེ།གྲོང་ཨོ་ཧཱ་ཡོར་དང་མུ་ཇི་གྷན་བརྒྱུད་ཁེ་ན་ཌའི་གྲོང་ཁྱེར་ཁྲོ་རིན་ཁྲོ་བར་རང་བཙན་གོམ་བགྲོད་ཀྱི་ལས་འགུལ་ཞིག་སྤེལ་འཆར་འདུག་ལ།བོད་དོན་དྲིལ་བསྒྲགས་ཀྱི་ཆེད་དུ་སྤེལ་འཆར་ཡོད་པའི་ཞི་བའི་གོམ་བགྲོད་འདིའི་སྐབས་སུ།གོམ་བགྲོད་པ་ཚོས་ཉིན་རེར་རྒྱང་ཐག་སྤྱི་ལེ་༤༠ ནས་༤༩བར་གོམ་བགྲོད་བྱ་འཆར་ཡོད་པ་དང་།བསྡོམས་སྤྱི་ལེ་༨༠༠ཙམ་ལ་གོམ་བགྲོད་བྱ་འཆར་ཡོད་པ་རེད།
ཐེངས་འདིའི་ཞི་བའི་གོམ་བགྲོད་ཀྱི་དམིགས་ཡུལ་གཙོ་བོ་ནི།འཛམ་གླིང་ཞི་བདེ་དང་འགྲོ་བ་མིའི་ཐོབ་ཐང་གཙོས།བོད་མིའི་རང་དབང་འཐབ་རྩོད་ཀྱི་ཆེད་དུ་མི་མང་ལ་གོ་རྟོགས་སྤེལ་འཆར་ཡིན་སྐོར། ནུབ་ཕྱོགས་ཀྱི་འཛམ་གླིང་ཞེ་བདེའི་བང་ཆེན་ཞེས་པའི་དྲ་བའི་ཐོག་གནས་ཚུལ་བཀོད་འདུག
སྲས་འཇིགས་མེད་ནོར་བུ་ལགས་ནི་ལོ་ངོ་དུ་མའི་ཡར་སྔོན་ནས་བོད་དོན་གོམ་བགྲོད་ཀྱི་ལས་འགུལ་སྤེལ་མཁན་ཞིག་ཡིན་ལ།ད་ལོའི་ལོ་སྟོད་དུ་ཨ་རིའི་མངའ་སྡེ་ཁག་ཅིག་གི་ནང་གོམ་བགྲོད་ཀྱི་ལས་འགུལ་སྤེལ་ཡོད་པར་མ་ཟད།འཆར་ཟླའི་ནང་བོད་མི་དང་ཕྱི་རྒྱལ་གྱི་ཡུལ་མི་མཉམ་བསྲེས་ཀྱིས་བོད་དོན་གོམ་བགྲོད་ཀྱི་ལས་འགུལ་ཞིག་སྤེལ་རྒྱུ་ཡིན་པ་རེད།
གསར་འགོད་པ་དོན་གོ།