ཀིམ་ཇོན་ཨེ་རྒྱ་ནག་ཏུ་སོང་འདུག

བྱང་ཀོ་རི་ཡའི་དམར་ཤོག་མགོ་ཁྲིད་ཀིམ་ཇོན་ཨེ་ཡིས་རང་གི་བུ་ཆུང་བ་ཁྲིད་དེ་རྒྱ་ནག་ལ་གཟིགས་སྐོར་དུ་སོང་འདུག
བྷི་བྷི་སི་གསར་ཁང་གིས་གནས་ཚུལ་སྤེལ་བ་ལྟར་ན། ཁ་སང་ཕྱི་ཚེས་ ༢༦ ཉིན་བྱང་ཀོ་རི་ཡའི་དམར་ཤོག་དབུ་ཁྲིད་ཀིམ་ཇོན་ཨེ་ཡིས་རང་གི་བུ་ཆུང་བ་ཀིམ་ཇོན་ཨིན་ཁྲིད་དེརྒྱ་ནག་ཅི་ལིན་མངའ་སྡེར་གཟིགས་སྐོར་བྱས་ཡོད་པར་མ་ཟད།དེ་ནི་ཁོང་འདི་ལོར་རྒྱ་ནག་ཏུ་གཟིགས་སྐོར་དུ་འགྲོ་ཐེངས་གཉིས་པ་དེ་ཆགས་ཡོདལ། ཁོང་ཟླ་གསུམ་གྱི་གོང་དུའང་རྒྱ་ནག་ལ་གཟིགས་སྐོར་དུ་ཐེངས་ཤིག་ཕྱིན་འདུག ཐེངས་འདིའི་གཟིགས་སྐོར་སྐབས་ཁོང་གིས་རྒྱ་ནག་སྲིད་འཛིན་གཞོན་པ་ཞིས་ཅིན་ཕིན་ལའང་ཐུག་འཕྲད་ཀྱིས་གྲོས་བསྡུར་གནང་རྒྱུ་རེད།
 
འདིའི་ཐད་ལྷོ་ཀོ་རི་ཡའི་གསར་ལམ་ཁག་ཏུ་གནས་ཚུལ་ཐོན་པ་ལྟར་ན།བྱང་ཀོ་རི་ཡའི་དབུ་ཁྲིད་ཀིམ་ཇོན་ཨེ་དང་། ཁོང་གི་བུ་ཆུང་བ་གཉིས་ཚེས་ ༢༦ ཉིན་བྱང་ཀོ་རི་ཡའི་མན་པོ་མངའ་སྡེ་ནས་དམིགས་བསལ་མེ་འཁོར་བརྒྱུདརྒྱ་ནག་ཅ་ཡེ་གྲོང་ཁྱེར་ལ་བདེ་འབྱོར་བྱུང་ཡོད་ནའང་།  ཁོང་གཉིས་ཀྱི་གཟིགས་སྐོར་དེ་ཉེན་རྟོག་པའི་སྲུང་སྐྱོབ་འོགམགོ་བཙུགས་པ་ཞིག་ཡིན་ལུགས་ས་གནས་ཡུལ་མི་ཞིག་གིས་གསར་འགོད་པར་བརྗོད་ཡོད།
 
སྲིད་དོན་དབྱེ་ཞིབ་པས་བརྗོད་ན།  ཐེངས་འདིར་ཕེབས་དོན་གཙོ་བོ་བྱང་ཀོ་རི་ཡའི་མགོ་ཁྲིད་ཀིམ་ཇོན་ཨེ་ཡིས་རང་གི་ལོ་ཚོད་དང་གཟུགས་གཞིའི་གནས་སྟངས་ཀྱི་རྐྱེན་པས། མ་འོངས་པའི་རང་གི་དབང་ཆ་དེ་བུ་ཆུང་བ་ཀིམ་ཇོན་ཨིན་ལ་རྩིས་སྤྲོད་བྱ་འདོད་ཡོད་པས། ཐེངས་འདིའི་གཟིགས་སྐོར་སྐབས་ཀིམ་ཇོན་ཨེ་ཡིས་རང་གི་བུ་ཀིམ་ཇོན་ཨིན་རྒྱ་ནག་དཔོན་རིགས་ཚོར་ངོ་སྤྲོད་བྱ་རྒྱུ་ཡིན་པ་དང་། ཕྱོགས་གཞན་ཞིག་ནས་བྱང་ཀོ་རི་ཡའི་འཚོ་གནས་ཀྱི་དཀའ་ངལ་དེར་རྒྱ་ནག་ཕྱོགས་ནས་རོགས་རམ་ཡོང་བའི་འབོད་སྐུལ་ཞུ་ཆེད་ཡིན་པ་རེདཟེར 
 
ད་ལྟའི་ཆར་ཁོང་ཕ་བུ་གཉིས་རྒྱལ་ས་པེ་ཅིན་དུ་ཕེབས་རྒྱུ་ཡིན་མིན་དང་མཐོ་རིམ་དཔོན་རིགས་སུ་ལ་ཐུག་འཕྲད་བྱ་རྒྱུ་ཡིན་མིན་ཐད་ཁ་གསལ་འགྲེལ་བརྗོད་གང་ཡང་མི་འདུག
 
ཀིམ་ཇོན་ཨེ་ནི་ནམ་རྒྱུན་དུ་ཕྱི་ཕྱོགས་སུ་འཚམས་གཟིགས་བྱ་རྒྱུར་དགའ་མོས་མེད་མཁན་ཞིག་ཡིན་ནའང་། ཁོང་གིས་རྒྱ་ནག་ལ་ཕྱི་ལོ་ ༢༠༠༠ དང་ ༢༠༠༡  ༢༠༠༤ ༢༠༠༦  ༡༠༡༠ སོ་སོར་འཚམས་གཟིགས་བྱས་ཡོད་པར་མ་ཟད། འདི་ནི་ཁོང་གིས་རྒྱ་ནག་ལ་གཟིགས་སྐོར་བྱས་པ་ཐེངས་ ༦ པ་དེ་ཆགས་ཡོད་འདུག
 
 
གསར་འགོད་པ། དཔལ་ལྡན།

བསྐྱར་བཅོས།: ༢༠༡༧/༠༢/༡༦

Leave a Reply

2 thoughts on “ཀིམ་ཇོན་ཨེ་རྒྱ་ནག་ཏུ་སོང་འདུག

  1. ལྷོ་ཕྱོགས་རྒྱ་མཚོ།

    གཟིགས་སྐོར་ཕེབས་འདུག་བྲིས་ན་འགྲིག ཡང་ན་བལྟ་སྐོར་སོང་ཞེས་བྲིས་ན་ལེགས། གང་ལྟར་ཞེ་ས་ཡོད་པ་དང་མེད་པ་མ་བསྲེ་རོགས་ཞུ།