དཔལ་འབྱོར་ཁེ་ཕན་དང་འགྲོ་བ་མིའི་ཐོབ་ཐང་མ་བརྗེ་རོཊ།

རྒྱལ་ཁབ་ཆེན་པོ་ཞིག་གི་དབུ་ཁྲིད་ཀྱི་མིང་འཛིན་པ་ཞིག་གི་ངོས་ནས་ཆབ་སྲིད་བཅོས་སྒྱུར་གྱི་སྐད་ཆ་དེ་འདྲ་བཤད་ཟིན་པའི་རྗེས་ལ། ཁོའི་སྐད་ཆ་དེ་དག་སེམས་གཏིང་གི་སྐད་ཆ་ཡིན་མིན་གྱི་ཚད་འཇལ་བྱེད་གཙོ་བོ་ཞིག་ནི།  རྒྱལ་ཁབ་ཕྱི་ལོགས་སུ་སྐྱབས་བཅོལ་དུ་བསྡད་ཡོད་པའི་དམངས་གཙོ་དོན་གཉེར་བ་དག་ལ་དངོས་སུ་གདོང་སྟོན་ཐུབ་མིན་དེ་རེད་ཟེར།

ཟླ་འདིའི་ཕྱི་ཚེས་ ༢༡ ཉིན་རྒྱ་ནག་གི་སྲིད་བློན་ཝུན་ཅ་པའོ་ཨ་རིའི་གྲོང་ཁྱེར་ནེའུ་ཡོག་ཏུ་འཚོགས་བཞིན་པའི་འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཚོགས་ཆེན་སྟེང་ཞུགས་ཡོད་ཅིང་། ཚོགས་ཆེན་དེའི་སྟེང་འཛམ་གླིང་རྒྱལ་ཁབ་ཁག་གི་འགོ་ཁྲིད་ ༡༤༠ ཙམ་མཉམ་ཞུགས་ཀྱིས་འཛམ་གླིང་གི་དབུལ་ཕོངས་དང་བཀྲེས་ལྟོགས། ནད་མནར་བཅས་ཀྱི་དཀའ་ངལ་རིགས་སེལ་ཐབས་སུ་བགྲོ་གླེང་བྱེད་ཀྱིན་ཡོད་འདུག ཝུན་གྱིས་ཐེངས་འདིར་མཉམ་འབྲེལ་རྒྱལ་ཚོགས་ཀྱི་སྟོང་ལོ་གསར་པའི་འཕེལ་རྒྱས་ལས་འཆར་ཚོགས་འདུ་དང་། ཐེངས་ ༦༥ པའི་མཉམ་འབྲེལ་རྒྱལ་ཚོགས་ཀྱི་བགྲོ་གླེང་ཚོགས་འདུ། མཉམ་འབྲེལ་རྒྱལ་ཚོགས་བདེ་འཇགས་ལྷན་ཚོགས་ཀྱི་ཚོགས་འདུ་སོགས་སུ་གཏམ་བཤད་བྱ་རྒྱུ་ཡིན་འདུག ཕྱི་ཚེས་ ༢༣ ཉིན་སྲིད་འཛིན་ཨོ་བྷ་མ་དང་ཐུག་འཕྲད་དང་། ཨ་རིའི་སྲིད་འཛིན་ཟུར་བ་ཁི་ལེན་ཌོན་ལའང་དུས་ཐུང་རིང་ཐུག་འཕྲད་བྱ་འཆར་ཡོད་འདུག

རྒྱ་ནག་གི་སྲིད་བློན་ཝུན་ཕྱི་ཚེས་ ༢༡ ཉིན་ཨ་རིའི་ནེའུ་ཡོག་ཏུ་འབྱོར་སྐབས། བོད་ཀྱི་གཞོན་ནུ་ལྷན་ཚོགས་དང་བོད་རང་དབང་སློབ་ཕྲུག་ཚོགས་པ། ཕྱི་སྡོད་རྒྱ་རིགས་དམངས་གཙོ་དོན་གཉེར་བའི་ཚོགས་པ། དྲུག་བཞི་སློབ་མའི་ཚོགས་པ། ཆོས་འཁོར་རྩ་རླུང་སྒོམ་སྒྲུབ་པ་སོགས་ཚོགས་པ་ཁག་འདྲ་མིན་མཉམ་རུབ་ཐོག མཉམ་འབྲེལ་རྒྱལ་ཚོགས་ཀྱི་སྒྲིག་འཛུགས་ལྟེ་བའི་ཐོག་ཁང་གི་མདུན་ཐང་ ( Dag Hammarskjold Plaza) དང་། མགྲོན་ཁང་ཁཱ་ཌི་ཧྤེ་ (Hotel Cardiff ) ཡི་སྒོ་དྲུང་བཅས་སུ་འབོད་ཚིག་འདྲ་མིན་འཁོད་པའི་འཕྲེད་དར་འཕྱར་ཏེ་ངོ་རྒོལ་སྐད་འབོད་ཤུགས་ཆེན་བྱས་ཡོད།

 

རྒྱ་རིགས་དམངས་གཙོ་དོན་གཉེར་བའི་ཚོགས་པ་དག་གི་འཕྲེད་དར་སྟེང་དུ་ཉེ་སྔོན་རྒྱ་ནག་གི་སྲིད་འཛིན་གཞོན་པ་ཞི་ཅིན་ཕིན་གྱིས་བཤད་པའི་དབང་ནི་མི་དམངས་ལས་བྱུང་ཞིང་མི་དམངས་ལ་བདགཅེས་པ་དེ་བཀོད་ནས་སྒེར་གཅོད་སྲིད་དབང་མཇུག་སྒྲིལ་བྱས་ཏེ། ཁྲིམས་སྲིད་དམངས་གཙོའི་ལམ་དུ་བསྐྱོད་དགོས་པ་སོགས་ཀྱི་སྐད་འབོད་བྱས་ཡོད། སྐབས་དེར་དམངས་གཙོ་དོན་གཉེར་ཚོགས་པའི་ཚོགས་གཙོ་ཝང་ཅོན་ཐའོ་ཡིས་གསར་འགོད་པར། ང་ཚོས་ཐེངས་འདིར་ཕྱོགས་གཉིས་ཀྱི་ཐོག་ནས་ཝུན་ལ་ངོ་རྒོལ་བྱེད་ཀྱིན་ཡོད། གཅིག ཝུན་ཅ་པའོ་ཡིས་ངོ་ཚབ་མཚོན་པའི་དམར་ཤོག་པ་ཁོ་ནས་དབང་བསྒྱུར་བའི་དམར་པོ་སྒེར་གཅོད་སྲིད་དབང་དེ་མགྱོགས་མྱུར་མཇུག་སྒྲིལ་རྒྱུ་དང་། ལིག་ཞའོ་པོ་དང་ལིག་ཞན་བུའུ་སོགས་ཆབ་སྲིད་བཙོན་མ་དག་གློད་གྲོལ། ཆོས་འཁོར་རྩ་རླུང་སྒོམ་སྒྲུབ་པ་རྣམས་དཀར་འདོན་བྱ་དགོས་པ། མགྱོགས་མྱུར་༸ཏཱ་ལའི་བླ་མ་ཕྱིར་རང་ཡུལ་དུ་གདན་འདྲེནགསར་འགྱུར་བརྒྱུད་ལམ་ཁག་ལ་བཀག་སྡོམ་མཚམས་འཇོག མི་དམངས་ཀྱི་སྨྲ་བརྗོད་རང་དབང་ལ་བརྩི་མཐོང་བྱ་དགོས་པ་བཅས་ཡིན། གཉིས་པ། ཉེ་སྔོན་ཝུན་གྱིས་སྐད་ཆ་སྙན་པོ་བཤད་དེ། ཁོ་རང་ངོས་ནས་འགྲོ་བ་མིའི་ཡོངས་ཁྱབ་རིན་ཐང་ངོས་ལེན་ཡོད་པའི་རྣམ་པ་བསྟན་ཡོད། ང་ཚོའི་རེ་བར་ཁོས་ཆབ་སྲིད་ཐད་ཀྱི་ངོས་ལེན་དམ་ཚིག་དེ་དག་མགྱོགས་མྱུར་མངོན་འགྱུར་བྱ་དགོས་ལ། གུང་ཁྲན་ཏང་གི་ལོ་རྒྱུས་ཁྲོད་མགོ་ཁྲིད་རིམ་པས་སྐད་ཆ་སྙན་པོ་དང་། ཁས་ལེན་མང་པོ་བྱས་ཡོད་པ་ཚང་མ་ཁ་སྟོང་ནང་གི་ཚིག་སྟོང་ཙམ་དུ་གྱུར་ཡོད། བཤད་པ་ལས་སྒྲུབ་པ་གལ་ཆེ་སྟབས། ང་ཚོས་ངོས་ནས་གང་མགྱོགས་ཁྲིམས་སྲིད་དམངས་གཙོའི་ལམ་ལུགས་ཏེ་རྒྱ་ནག་སྐམ་ས་ཆེན་པོར་མངོན་འགྱུར་ཡོང་བའི་རེ་བ་བྱེད་ཀྱི་ཡོད། ཅེས་བརྗོད་འདུག

 

སྤྱི་དམངས་སྟོབས་ཤུགས་རྩ་འཛུགས་ཚོགས་པའི་ཚོགས་གཙོ་འབུམ་རམས་པ་ཡཱང་ཅན་ལིས་ཡིས། ཝུན་གྱིས་ཉེ་སྔོན་ཆབ་སྲིད་བཅོས་བསྒྱུར་སྐོར་གྱི་གཏམ་བཤད་དེར་རྒྱལ་ཁབ་ཕྱི་ནང་གཉིས་སུ་དོ་སྣང་ཆེན་པོ་བྱུང་ཡོད། ཝུན་གྱིས་གལ་སྲིད་ཆབ་སྲིད་བཅོས་བསྒྱུར་མ་བྱས་ནརྒྱ་ནག་ལ་འཆི་ལམ་མ་གཏོགས་མི་འདུག་ཅེས་རྒྱ་ནག་ཁྲིམས་སྲིད་དམངས་གཙོའི་ལམ་དུ་བསྐྱོད་རྒྱུར་རེ་བ་བཏོན་ཡོད། ཡིན་ནའང་། ངས་བསམ་ན་རྒྱ་ནག་ཁྲིམས་སྲིད་དམངས་གཙོའི་ལམ་དུ་བསྐྱོད་རྒྱུར་བསམ་བློའི་འགུལ་སྐྱོད་ཁོ་ནས་མི་ཆོག་པར་ལག་ལེན་དུ་བསྟར་དགོས། རྒྱལ་ཁབ་ཆེན་པོ་ཞིག་གི་དབུ་ཁྲིད་ཀྱི་མིང་འཛིན་པ་ཞིག་གི་ངོས་ནས་ཆབ་སྲིད་བཅོས་སྒྱུར་གྱི་སྐད་ཆ་དེ་འདྲ་བཤད་ཟིན་པའི་རྗེས་ལ། ཁོའི་སྐད་ཆ་དེ་དག་སེམས་གཏིང་གི་སྐད་ཆ་ཡིན་མིན་གྱི་ཚད་འཇལ་བྱེད་གཙོ་བོ་ཞིག་ནི།  རྒྱལ་ཁབ་ཕྱི་ལོགས་སུ་སྐྱབས་བཅོལ་དུ་བསྡད་ཡོད་པའི་དམངས་གཙོ་དོན་གཉེར་ཅན་དག་ལ་དངོས་སུ་གདོང་སྟོན་ཐུབ་མིན་དེ་རེད། གཞན་གཅིག་ནི།  ཁོས་ཁྲིམས་ཀྱིས་གཏན་ལ་ཕབ་པའི་མི་དམངས་ཀྱི་འོས་བསྡུའི་ཐོབ་ཐང་དེ་ཁྲིམས་ལུགས་བརྒྱུད་ཕྱིར་མི་དམངས་ཀྱི་ལག་ཏུ་སྤྲོད་ཐུབ་མིན་དེ་རེད། ཅེས་བརྗོད་ཡོད་པ་མ་ཟད།  འཛམ་གླིང་རྒྱལ་ཁབ་སོ་སོའི་དབུ་ཁྲིད་ཀྱིས་ཁོ་ཚོའི་འབོད་སྐུལ་དེ་ཐོས་ཐུབ་པའི་རེ་སྐུལ་ཡང་ཞུས་འདུག

 

ཆོས་འཁོར་སྒོམ་སྒྲུབ་ཚོགས་པའི་འགན་འཛིན་ལྕམ་ཡེའུ་རུང་ལགས་ཀྱིསང་ཚོའི་ངོས་ནས་དམར་ཤོག་དབང་འཛིན་པས་ལོ་ ༡༡ གི་རིང་ལ་ཆོས་འཁོར་རྩ་རླུང་སྒོམ་སྒྲུབ་པ་རྣམས་ལ་དྲག་པོས་འཚེ་བ་བྱེད་བཞིན་པ་དེ་གང་མྱུར་མཚམས་འཇོག་ཡོང་བ་དང་། བཙོན་འཇུག་མནར་གཅོད་འོག་ཡོད་པའི་ཆོས་འཁོར་རྩ་རླུང་བ་དག་མྱུར་དུ་གློད་གྲོལ། ཆོས་འཁོར་རྩ་རླུང་སྒོམ་སྒྲུབ་པ་དག་ལ་དྲག་གནོན་བྱེད་མཁན་སྲིད་འཛིན་ཟུར་བ་ཅང་ཙེ་རྨེན་དང་། དེ་སྔའི་སྲིད་ཁྲིམས་འཐུས་ཚོགས་ཀྱི་མགོ་གཙོ་ལའོ་ཀན་སོགས་ཀྱི་ནག་ཉེས་ཐེར་འདོན་ཡོང་བའི་རེ་སྐུལ་ཞུ་བཞིན་ཡོདཅེས་བརྗོད་དེ། འཛམ་གླིང་རྒྱལ་ཁབ་ཚང་མས་རྒྱ་ནག་གི་དཔལ་འབྱོར་ཚོང་ལས་ཁེ་ཕན་དང་རྒྱ་ནག་མི་མང་ཀྱི་འགྲོ་བ་མིའི་ཐོབ་ཐང་གཉིས་ཚོང་བསྒྱུར་མི་བྱེད་པའི་འབོད་སྐུལ་ཡང་ཞུས་ཡོད་པ་རེད།

 

གཞན།  ༡༩༨༩ ལོའི་སློབ་མའི་ལས་འགུལ་གྱི་སྣེ་ཁྲིད་པ་ལིས་ཀང་གིས་ཀྱང་གསར་ལམ་ཁག་ཏུ། དམར་ཤོག་གི་མགོ་ཁྲིད་དང་དམག་ཁུལ་དག་གིས་མགྱོགས་མྱུར་ངང་རྒྱལ་ཁབ་ཕྱི་ནང་གཉིས་སུ་ཡོད་པའི་གཞུང་དང་ལྟ་བ་མི་མཐུན་པའི་རིགས་ལ་དྲག་གནོན་མཚམས་འཇོག་དང་། ཝང་པེན་ཀྲང་དང་ཏིན་མེན་སོགས་གང་མྱུར་གློད་གྲོལ་ཡོང་བའི་འབོད་སྐུལ་ཞུས་ཡོད་པ་དང་། མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཐང་ཆེན་དུ་བསྟུད་མར་ཉིན་གྲངས་བརྒྱ་ལྷག་གི་རིང་ཞུ་གཏུགས་ངོ་རྒོལ་བྱེད་མཁན་རྒྱ་རིགས་ཧུའུ་ཡན་གྱིས་ཀྱང་། ང་ཐེངས་འདིར་ངོ་རྒོལ་ལས་འགུལ་དུ་ཞུགས་དོན་ནི། བུའུ་ཧན་གྲོང་ཁྱེར་སྲིད་གཞུང་དང་ཧའོ་པེ་ཞིང་ཆེན་སྲིད་གཞུང་གཉིས་ཀྱིས་སྤྱི་ཚོགས་སྟེང་གི་འཁྱམ་པ་ནག་ཚོགས་དང་མཉམ་འབྲེལ་བྱས་ཏེགཞི་རིམ་མི་སེར་གྱི་རྒྱུ་འབྱོར་དང་ཚེ་སྲོག་བཙན་འཕྲོག་བྱེད་བཞིན་པ་དེ་ཝུན་གྱིས་མཐོང་ཐོས་ཡོང་ཆེད་དང་། འཛམ་གླིང་མི་མང་གིས་རྒྱ་ནག་སྒེར་གཅོད་སྲིད་གཞུང་ནི་ཕྱོགས་ཡོངས་ནས་ཁྲིམས་འགལ་ནག་ཚོགས་ཤིག་ཏུ་འགྱུར་བཞིན་པ་ཤེས་རྟོགས་ཡོང་ཆེད་ཡིན་ཅེས་བརྗོད་ཡོད།

གསར་འགོད་པ། ཚེ་རིང་རྒྱལ།

བསྐྱར་བཅོས།: ༢༠༡༦/༠༡/༠༦

Leave a Reply

2 thoughts on “དཔལ་འབྱོར་ཁེ་ཕན་དང་འགྲོ་བ་མིའི་ཐོབ་ཐང་མ་བརྗེ་རོཊ།

  1. སྤྲོ་ཚིགས་དགེ་འདུན

    མཛུབ་མོ་ལྔའི་ངོ་གདོང་ལ་བཙུགས་པ་ལས་མཛུབ་མོ་ལྔའི་ཁུ་ཚུར་ཀྱིས་ནུས་པ་ཆེ་བར་འདོད།