བྱང་ཨ་རིའི་བོད་རིགས་ཚོར་གྲ་སྒྲིག་ཨང་གསར་ཡོད།

དེ་རིང་ནས་རྩིས་པའི་ཉིན་གསུམ་གྱི་རྗེས་སུ་བཙན་བྱོལ་བོད་མིའི་འོས་བསྡུ་ཆེན་མོར་འཁེལ་གྱིན་ཡོད་པ་དང་། ཉིན་འདིར་རྒྱལ་སྤྱིའི་སྤྱི་ཚོགས་གང་སར་གནས་སྡོད་ཀྱི་བོད་རིགས་ཆ་རྐྱེན་ཚང་མཁན་ཚང་མས་འོས་འཕེན་གྱི་ཆ་ཤས་ལེན་རྒྱུ་ཡིན་ལ། བྱང་ཨ་རིའི་བོད་རིགས་རྣམས་ཀྱིས་ཀྱང་འདིའི་ཐད་གྲ་སྒྲིག་ཨང་གསར་བྱས་ནས་ཡོད་ཟེར།

བྱང་ཨ་རིའི་སྐུ་ཚབ་དོན་གཅོད་བཀའ་ཟུར་རྫ་ཡུལ་བློ་བཟང་སྙན་གྲགས་ལགས་ནི་ཐེངས་འདིའི་འོས་བསྡུ་ཆེན་མོར་རེ་ལྟོས་དང་བཅས་འདུག ཕྱི་ཚེས་ ༣༠ ཉིན་འདི་གའི་གསར་འགོད་པས་ཁོང་ལ་ཐེངས་འདིའི་འོས་བསྡུ་ཆེན་མོའི་གྲ་སྒྲིག་གི་སྐོར་ནས་དྲིས་པར་ཁོང་གིས། སྤྱིར་བཏང་བྱང་ཨ་རིའི་ཁུལ་དུ་བོད་པ་ ༡༥༠༠༠ ལྷག་ཡོད་པའི་ཚོད་རྩིས་བྱེད་ཀྱིན་ཡོད་པ་རེད། དེ་དག་ལས་ད་ཐེངས་རང་ལོ་ ༡༨ ཡན་གྱི་བོད་རིགས་ ༥༩༠༤ ཡིས་འོས་འཕེན་གྱི་དེབ་སྐྱེལ་བྱས་ཡོད་པ་རེད། སྤྱིར་རང་ལོ་ ༡༨ ཡན་སྟེ། འོས་འཕེན་གྱི་ཆ་རྐྱེན་ཟིན་མཁན་ ༡༠༠༠༠ ཡོད་པའི་དབང་དུ་བཏང་ན། ད་ཐེངས་དེབ་སྐྱེལ་བྱེད་མཁན་གྱིས་བརྒྱ་ཆ་ ༦༠ ལྷག་ཟིན་ཡོད་སྟབས། སྔར་དང་བསྡུར་ན་གྲངས་ཚད་མཐོན་པོར་ཕེབས་ཡོད་པ་རེད་ཟེར།

གཞན་ཡང་ཁོང་གིས་བོད་རིགས་རྣམས་ཀྱི་དོ་སྣང་གི་ཕྱོགས་ནས་གསུངས་དོན། ད་ལོར་སྔར་དང་མི་འདྲ་བ་ཞིག་ལ། བཀའ་བློན་ཁྲི་པའི་འོས་གཞིའི་སྐོར་ལ་བྱང་ཨ་རིའི་བོད་རིགས་ཚོའི་ནང་དུའང་བགྲོ་གླེང་མང་པོ་བྱུང་བ་དང་། བྱང་ཨ་རིའི་ཁུལ་ནས་བཀའ་བློན་ཁྲི་པའི་འོས་གཞིར་བཞེངས་མཁན་ཡང་ཐོག་མར་བྱུང་ཡོད་སྟབས། མི་དམངས་ཀྱི་ངོས་ནས་ལྷག་པར་དུ་དོ་སྣང་བྱུང་ཡོད་པ་རེད། དེའི་ཁར་ད་ལོར་སྔར་དང་མི་འདྲ་བར་བྱང་ཨ་རིར་སྤྱི་འཐུས་འོས་མི་གཉིས་བསླེབ་དགོས་ཀྱི་ཡོད་སྟབས་མི་ཚང་མས་འོས་བསྡུ་ཆེན་མོ་འདིར་དམིགས་བསལ་གྱི་དོ་སྣང་བྱུང་ཡོད་པ་རེད་ཟེར།

ནུབ་ཕྱོགས་ཁག་ཏུ་དཀའ་ངལ་ཆེ་ཤོས་ཤིག་ནི་སོ་སོའི་ལས་ཀའི་དབང་གིས། དུས་ཚོད་རྒྱས་བཅད་ཅིག་གི་ནང་དུ་མི་ཚང་མ་མཉམ་དུ་འདུ་ཐུབ་མིན་དང་། དུས་ཚོད་གཏོང་ཐུབ་མིན་དེར་ཐུག་ཡོད། འདིའི་ཐད་ཁོང་གིས་གསུངས་དོན། ད་ལོའི་སྔོན་འགྲོའི་འོས་བསྡུ་དེ་ཕྱི་ཚེས་ ༣ སྟེ། གཟའ་ཉི་མའི་ཉིན་འཁེལ་ཡོད་པ་རེད། དུས་ཚོད་ཀྱི་ཆ་ནས་ཞོགས་པའི་དུས་ཚོད་ ༩ པ་ནས་དགོང་མོའི་དུས་ཚོད་ ༥ བར་ཡོད། དེ་བྱས་དུས་མི་ཕལ་ཆེ་བ་ཞིག་ལ་དུས་ཚོད་སྟོང་པ་ཡོད་ཡོད་པ་རེད་ལ། ཉིན་གང་དུས་ཚོད་སྟོང་པ་མེད་མཁན་ཚོར་ཡང་ཆ་ཤས་ལེན་རྒྱུའི་གོ་སྐབས་ཡོད་པས། ཚང་མས་ལས་དོན་འདིར་ཁུར་མཉམ་ལེན་བྱེད་གི་རེད་བསམ་པའི་རེ་བ་ཆེན་པོ་ཡོད་ཟེར།

འདིའི་གྲ་སྒྲིག་གི་ཐད་ནས་ཁོང་གིས། བཙན་བྱོལ་བོད་མིའི་དབུས་འོས་བསྡུ་ལས་ཁུངས་ནས་བརྡ་ཁྱབ་འབྱོར་བ་བཞིན། འོས་འཕེན་གྱི་ཤོག་བྱང་ཆ་ཚང་གྲ་སྒྲིག་བྱས་རེ་ས་གནས་སོ་སོར་འབྱོར་ཡོད་ལ། བྱང་ཨ་རིའི་དོན་གཅོད་ཁང་གིས་ས་གནས་འོས་བསྡུ་ལས་ཁུངས་ཀྱི་འགན་འཁྱེར་བཞིན་ཡོད་ཅིང་། དེའི་གོ་སྒྲིག་འོག་ནེའུ་ཡོག་ཏུ་འོས་བསྡུའི་ཚོགས་ཆུང་བཙུགས་ཤིང་། འོས་བསྡུའི་ཚོགས་ཆུང་འདིའི་འོག་ནས་བྱང་ཨ་རིའི་ས་གནས་ཁག་ ༣༠ ནས་བོད་རིགས་ ༦༠༠༠ མ་ཟིན་ཙམ་གྱིས་ཉིན་བརྒྱ་དུས་གཅིག་ཏུ་འོས་འཕེན་གྱི་ཆ་ཤས་ལེན་རྒྱུ་རེད་ཅེས་གསུངས།

ཁེ་ན་ཌར་མཚོན་ན་ཊོ་རོན་ཊོ་ནི་བོད་རིགས་མང་ཤོས་ཀྱི་གྲོང་ཁྱེར་ཆགས་ཡོད་ལ། དེར་བོད་རིགས་ ༤༥༠༠ ནས་ ༥༠༠༠ བར་ཡོད་པ་རེད། ཊོ་རོན་ཊོ་བོད་རིགས་ཚོགས་པའི་ཚོགས་གཙོ་ནོར་བུ་ཚེ་རིང་ལགས་ཀྱིས་ཐེངས་འདིའི་འོས་བསྡུའི་སྐོར་ནས་གསུངས་དོན། ཊོ་རོན་ཊོ་རུ་འོས་འཕེན་གྱི་དེབ་སྐྱེལ་བྱས་མཁན་བོད་པ་ ༩༠༠ ཙམ་ཡོད། འདི་ནི་སྤྱིའི་མི་འབོར་དང་བསྡུར་ན་ཉུང་བ་ལྟ་བུར་འདུག་ཀྱང་། ས་འདིར་ལག་དེབ་ལྗང་ཁུ་མེད་མཁན་གང་འཚམ་ཡོད་ལ། དེའི་ཁར་མི་འབོར་གྱི་ཆ་ནས་གཞོན་སྐྱེས་རང་ལོ་ ༡༨ མ་ཟིན་མཁན་མང་བ་ཆགས་ཡོད་པ་རེད། དེ་བྱས་དུས་སྤྱིར་བཏང་གིས་བོད་མི་ ༡༠༠༠ མ་ཟིན་ཙམ་ཡོད་པ་འདི་ཡང་དེ་ཙམ་གྱི་ཉུང་ཉུང་མ་རེད་ཟེར།

ནོར་བུ་ཚེ་རིང་ལགས་ཀྱིས་མུ་མཐུད་ནས་གསུངས་དོན། ད་ལོར་བྱང་ཨ་རིར་སྤྱི་འཐུས་གཉིས་དགོས་ཀྱི་ཡོད་ལ། ཁེ་ན་ཌར་མཚོན་ན་ཁེལ་གྷ་རི་ནས་བདེ་སྐྱིད་ཆོས་དབྱངས་ལགས་དང་། མོན་ཊི་རེལ་ནས་བཀྲ་ཤིས་ཕུན་ཚོགས་གཉིས་སྤྱི་འཐུས་ལ་ལངས་ཡོད་པ་རེད། དེ་བཞིན་ཊོ་རོན་ཊོ་ནས་བཀའ་ཟུར་བློ་བཟང་ཉི་མ་ཡང་བྱང་ཨ་རིའི་སྤྱི་འཐུས་ལ་ལངས་གི་ཡིན་ཅེས་གསུངས་འདུག དེ་འདྲ་ཡིན་དུས་མི་ཚང་མས་དོ་སྣང་དང་འོས་བསྡུ་ཆེན་མོའི་སྔོན་འགྲོའི་ནང་དུ་ཆ་ཤས་ཆེན་པོ་ཞིག་ལེན་རྒྱུ་ཡིན་པ་གསལ་བོ་རེད་ཅེས་གསུངས།

མི་ནག་ཚང་ལུང་རིགས་རྒྱལ་གྱིས་སྤེལ།

བསྐྱར་བཅོས།: ༢༠༡༤/༠༣/༢༦

Leave a Reply

2 thoughts on “བྱང་ཨ་རིའི་བོད་རིགས་ཚོར་གྲ་སྒྲིག་ཨང་གསར་ཡོད།

  1. གངས་ལྗོངས།

    བདེ་སྐྱིད་ཆོད་དབྱངས་ལགས་དང།་བཀྲིས་ཕུན་ཚོགས་ལགས་ཀྱི་རྒྱབ་ལྗོངས་ཀྱི་ལོ་རྒྱུས་ཤིག་གསུང་རྒྱུ་བྱུང་ན།་འོས་འཕེན་པར་ཕན་རླབས་ཡོང་རྒྱུར་དོན་མི་ཟ་འོ།

  2. ནམ་མཁའ་བསྟན་འཛིན།

    བྱང་ཨ་རིའི་ཁུལ་དུ་འདི་འདྲའི་གྲ་སྒྲིག་ཞིག་ཡོད་པ་ཧ་ཅང་གི་གཏམ་བཟང་ཞིག་རེད། འོན་ཀྱང་ལྟོས་ཡོང་ན་ཡོ་རོབ་ཁུལ་དུ་གྲགས་འགུལ་ཅི་ཡང་མི་འདུག རྒྱུ་མཚན་ཊོ་རོན་ཊོ་རུ་བོད་པ་༥༠༠༠ཡས་མས་ཡོད་ཀྱང་འོས་བསྡུའི་ཆ་ཤས་ལེན་མཁན་ཆིག་སྟོང་ཙམ་ཡང་མེད་པ་ལྟར། ཡོ་རོབ་རྒྱལ་ཁབ་ཁག་ཏུ་བོད་པ་ཆིག་ཁྲི་ལྷག་ཡོད་ཀྱང་འོས་བསྡུའི་ཆ་ཤས་ལེན་མཁན་མི་ཉིས་སྟོང་ལྷག་ལས་བྱུང་མེད། འདིའི་རྒྱུ་རྐྱེན་ནུབ་ཕྱོགས་པའི་འཚོ་བའི་ནང་དུས་ཚོད་མེད་པ་གཅིག་བུའི་གནད་དོན་མ་ཡིན་པར་འོས་བསྡུ་འདིའི་ཆ་ཤས་ལེན་འདོད་མཁན་ཚང་མར་ལག་དེབ་ཡོད་མེད་ཀྱི་གནད་དོན་རེད། བདག་གིས་རྒྱུས་ལོན་བྱས་བ་ལྟར་ན་འཇར་མན་ནིས་གཅིག་བུའི་ནང་ལག་དེབ་གསར་བཟོ་ཡི་སྙན་ཞུ་རྒྱབ་ཟིན་མཁན་ཉིས་བརྒྱ་ལྷག་བྱུང་འདུག་ཀྱང་ཉེ་འཆར་གཞུང་གི་གསལ་བསྒྲགས་ཞིག་ཏུ་ལག་དེབ་གསར་བ་བཟོ་བར་ཡིག་ཆ་ཚང་མེད་མཁན་ཉིས་བརྒྱ་ལྷག་བྱུང་བ་ལས་གཞན་ཚང་མར་བཟོས་ཟིན་ཟེར། ལག་དེབ་གསར་བ་བཟོ་ཆེད་སྙན་ཞུ་ཕུལ་ཟིན་མཁན་མང་པོ་ཞིག་གིས་སྙན་ཞུ་དང་མཉམ་དངུལ་སྤྲད་ཚར་ཀྱང་ད་ལྟ་ལག་དེབ་མ་རེགས་པའི་སྒང་ལ་དངུལ་ཡང་ཕྱིར་སློག་མི་འདུག་མོད། གནས་ཚུལ་འདི་དག་ལ་བོད་གཞུང་དོན་གཅོད་ཁག་གིས་ཀྱང་སྣང་མེད་ངང་བཞག་འདུག གཞན་ནང་མི་ཟླ་སྒྲིལ་དང་གཉེན་སྒྲིག་བྱས་ནས་ཡོ་རོབ་དུ་ཡོང་མཁན། ཡང་ན་གནས་ཡོད་རྒྱལ་ཁབ་ཏུ་ཡིག་ཆ་མགྱོགས་པོར་རེགས་ཟིན་པའི་རིགས་ཁག་ཅིག་གིས་སྔར་བཞིན་ལག་དེབ་ཀྱི་དངུལ་རྒྱ་གར་ནང་སྤྲོད་བཞིན་ཡོད་མཁན་མང་པོ་འདུག དེའི་རིགས་ཀྱི་དམིགས་ཡུལ་དང་རྒྱུ་མཚན་ནི་རྗེས་ཕྱོགས་རང་བཙན་ལག་དེབ་བརྒྱུད་ནས་བོད་པའི་སྤྱི་ཚོགས་ནང་དུ་ཁེ་ཕན་ཞིག་ཡོད་ན་ལེན་འདོད་ཡོད་ཀྱང་རང་གི་གནས་ཡོད་རྒྱལ་ཁབ་ཀྱི་དངུལ་གྱི་ཛ་ཐང་ལྟར་སྤྲོད་འདོད་མེད་མཁན་ཁག་རེད། གནད་དོན་གཞན་ཞིག་ནི་ཡོ་རོབ་ལ་སྤྱི་འཐུས་གཉིས་ཀྱི་ས་མིག་ཡོད་ཀྱང་མི་འབོར་གྱི་ཆ་ནས་འཐུས་མི་སུད་སུ་གཅིག་བུ་ནས་ཡོང་རྐྱང་བྱེད་བཞིན་ཡོད་སྟབས་འདིས་ཡོ་རོབ་ཡུལ་གྲུ་ཡོངས་ཀྱི་འཐུས་འཚབ་བྱེད་ཐུབ་གིན་མེད། རྒྱུ་མཚན་ཕྲན་ཡུལ་ལུང་འདིར་སླེབས་ནས་ལོ་ངོ་ཧྲིལ་བོ་བཞི་ལྷག་གི་རིང་ཡོ་རོབ་སྤྱི་འཐུས་ཞིག་གིས་ཡོ་རོབ་ཀྱི་བོད་རིགས་ཚོགས་པ་གཞན་ཁག་ལ་གཟིགས་ཞིབ་དང་ལས་འགུལ་གྱི་འགོ་ཁྲིད་ལམ་སྟོན་ཞིག་ཕར་ཞོག སྤྱི་འཐུས་ཀྱི་གྲིབ་གཟུགས་ཙམ་ཡང་མཐོང་རྒྱུ་མི་འདུག་མོད། འོས་བསྡུ་སླེབས་གྲབས་ཡོད་སྐབས་སྤྱི་འཐུས་ལ་ལངས་ཀྱི་ཡིན་ཟེར་མཁན་མང་བོ་ཞིག་གིས་རང་གི་ཆེ་མཐོང་ངོམས་བྱེད་དང་ཉུང་མཐར་ཡང་ལོ་གཅིག་ལ་ཐེངས་གཉིས་རེར་རྒྱ་གར་ལ་རང་གིས་འགྲོ་གྲོན་གཏོང་མ་དགོས་བར་གཉེན་ཕྲད་དང་གུང་གསེང་ལ་འགྲོ་རྒྱུ་རེགས་ཀྱིན་བསམ་ནས་སྐད་རྒྱགས་བཞིན་པའི་ཚོར་སྣང་བྱུང་།