རང་ཉིད་ལ་ཡིད་ཆེས་དང་བློ་སྟོབས་ཡོད་པ་ཞིག་བཟོ་དགོས།

མི་ཚེ་ཡག་པོ་ཞིག་བསྐྱལ་རྒྱུར་ལུས་སེམས་གཉིས་ཀྱི་འཕྲོད་བསྟེན་དང་གཙང་སྦྲ་ཡག་པོ་དགོས་པ་རེད། ལུས་བདེ་ཐང་ཡོང་བ་ལ་ངལ་རྩོལ་དང་ངལ་གསོ་ཆ་སྙོམས་པོ་ཡོང་དགོས། ངལ་རྩོལ་བྱ་རྒྱུ་མང་དྲགས་ན་འགྲིག་གི་མེད་ལ། ངལ་གསོ་བྱ་རྒྱུ་མང་དྲགས་ན་ཡང་འགྲིག་གི་མེད། དེང་སྐབས་ལུས་རྩལ་རྩེད་པ་དང་ཞོགས་རྩལ་སྦྱོང་བ་སོགས་ནི་འཕྲོད་བསྟེན་ངོ་མ་དེ་མ་རེད། གཟུགས་པོའི་འཕྲོད་བསྟེན་ངོ་མ་དེ་ངལ་རྩོལ་བྱ་དགོས་པ་རེད་ཟེར།

ཁ་སང་ཕྱི་དྲོ་བོད་གཞུང་ཤེས་རིག་ལས་ཁུངས་ཀྱིས་གོ་སྒྲིག་བྱས་པའི་ གཏན་ཉིན་སློབ་གྲྭ་ཁག་གི་མདུན་ལམ་སློབ་སྟོན་པའི་ཚོགས་འདུ་དང་ཟབ་སྦྱོང་ཐེངས་གཉིས་པ ཟེར་བ་དེ་མཇུག་བསྒྲིལ་ཡོད་ཅིང་། ཉིན་བཞིའི་རིང་གི་ཟབ་སྦྱོང་ཚོགས་འདུ་དེའི་སྟེང་ངྷ་སྟེང་བོད་ཁྱིམ་གྱི་མདུན་ལམ་སློབ་སྟོན་པ་དྲུག་དང་གཞུང་ཤེས་རིག་ལས་ཁུངས་ཀྱི་ལྔ་བཅས་མདུན་ལམ་སློབ་སྟོན་པ་མི་ ༡༡ ལ་ཤེས་ཡོན་སྲིད་བྱུས་གསར་པ་དང་འབྲེལ་བའི་ཟབ་སྦྱོང་སྤྲད་ཡོད་པ་དང་། ཤེས་ཡོན་སྲིད་བྱུས་དགོངས་དོན་དང་མཐུན་པའི་མདུན་ལམ་སློབ་སྟོན་ལས་འཆར་དང་། སློབ་གྲྭ་ཁག་ནང་མདུན་ལམ་སློབ་སྟོན་པའི་ལས་ཀ་ཚགས་ཚུད་གཏོང་ཐབས། རིགས་གཅིག་རྐང་འཛིན་པ་གང་མང་གསོ་སྐྱོང་ཐབས་སུ་མདུན་ལམ་སློབ་སྟོན་པའི་ལས་འཆར་སྒྲིག་ཕྱོགས། སྤྱི་ཚོགས་ཁྱོན་ཡོངས་སུ་མདུན་ལམ་སློབ་སྟོན་པས་ནུས་པ་འདོན་ཕྱོགས་བཅས་ཀྱི་གྲོས་གཞི་ཁག་བཞི་ཡི་ཐོག་བགྲོ་གླེང་གནང་ཡོད་འདུག

 

ཁ་སང་ཕྱི་ཉིན་བཀའ་ཁྲི་ཟམ་གདོང་རིན་པོ་ཆེ་མཆོག་གིས་མདུན་ལམ་སློབ་སྟོན་པ་རྣམས་ལ་མི་ཚེ་དོན་ལྡན་དང་རིགས་གཅིག་རྐང་འཛིན་བཅས་ཀྱི་ཐོག་བཀའ་སློབ་གནང་ཡོད། སྐབས་དེར་བཀའ་ཁྲི་མཆོག་གིས་གསུངས་དོན། སྤྱིར་མི་ཚེའི་མདུན་ལམ་ཐད་བོད་པ་དང་ནུབ་ཕྱོགས་པའི་བར་ཁྱད་པར་ཆེན་པོ་ཡོད་པ་རེད། ནུབ་ཕྱོགས་པ་ཚོས་མི་ཚེ་ཞེས་པ་འདི་ལྟོ་གོས་གཏམ་གསུམ་ཁོ་ནས་བསྐྱལ་དགོས་པ་ཞིག་དང་། ལྟོ་གོས་གཏམ་གསུམ་ཁོ་ནའི་ཆེད་དུ་མི་ཚེ་ཆ་ཚང་གཏོང་དགོས་པའི་བསམ་ཚུལ་འཛིན་གྱི་ཡོད། དེ་བཞིན་དུ་ནུབ་ཕྱོགས་ཀྱི་མདུན་ལམ་སློབ་སྟོན་པ་ཚོས་ཀྱང་ སློབ་སྦྱོང་སྤྲོད་ཡུལ་དེའི་མི་ཚེ་རིན་ཐང་དང་རྣམ་དཔྱོད་སོགས་ཡར་རྒྱས་ལ་བསམ་བློ་མི་གཏོང་བར་མི་ཚེའི་འཚོ་ཐབས་ཙམ་ལ་ཆ་འཇོག་བྱེད་ཀྱི་ཡོད། སློབ་ཕྲུག་ཚོ་སློབ་གྲྭ་ནས་ཐོན་སྐབས་གླ་ཕོགས་ཆེན་པོ་རག་ཐབས་དང་། སྤྱི་ཚོགས་ནང་སྙན་གྲགས་ཆེན་པོ་རག་ཐབས་སོགས་སུ་ལམ་སྟོན་བྱེད་ཀྱི་ཡོད། ང་ཚོའི་ཤེས་ཡོན་སློབ་སྟོན་འདི་དེ་འདྲ་མ་རེད། མི་དེ་ཤེས་ཡོན་དང་ལྡན་པ་ཞིག་དང་། ཤེས་ཡོན་དེའི་དབང་གིས་སྒེར་གྱི་མི་ཚེ་ཡར་རྒྱས་སུ་འགྲོ་བ་དང་སྤྱི་ཚོགས་ཀྱི་ངོ་བོ་ཡར་རྒྱས་སུ་འགྲོ་བ། ཤུགས་རྐྱེན་དེའི་འོག་ནས་འཚེ་བ་མེད་པའི་སྤྱི་ཚོགས་བསྐྲུན་ཐུབ་པ་བཅས་སུ་བསམ་བློ་གཏོང་གི་ཡོད་སྟབས། བཙན་བྱོལ་བོད་གཞུང་གི་ཤེས་ཡོན་སྲིད་བྱུས་ཀྱི་སློབ་སྟོན་དང་། ཁྱེད་ཅག་གི་མདུན་ལམ་སློབ་སྟོན་གཉིས་ཤར་ནུབ་ལྟར་ཐ་དད་རེད། ཅེས་དང་།

 

ཁོང་གིས་མུ་མཐུད་དུ་གསུངས་དོན། ཤེས་རིག་ལས་ཁུངས་ཀྱིས་གོ་སྒྲིག་བྱས་པའི་མདུན་ལམ་སློབ་སྟོན་པ་ཚོར་དེང་རབས་མདུན་ལམ་སློབ་སྟོན་གྱི་བག་ཆག་མཐུག་པོ་ཞིག་ཡོད་པའི་ཐོག་ནས་མདུན་ལམ་སློབ་སྟོན་བྱེད་དུ་བཅུག་ན། ང་ཚོའི་སྲིད་བྱུས་དང་རྒྱབ་འགལ་ཆགས་འགྲོ་བ་རེད། འོན་ཀྱང་། བཙན་བྱོལ་བོད་གཞུང་གི་ཤེས་ཡོན་སྲིད་བྱུས་ལག་བསྟར་མི་བྱེད་མཁན་བོད་ཕྲུག་ཁྱིམ་སྡེ་ལྟ་བུར་མཚོན་ན། དེང་རབསལམ་སྲོལ་སྟེང་འགྲོ་བཞིན་ཡོད་སྟབས། མདུན་ལམ་སློབ་སྟོན་བྱེད་སྟངས་འདི་འགྲིག་བསྡད་ཡོད་པ་རེད། གལ་སྲིད་ཤེས་རིག་ཁྱབ་ཁོངས་ཀྱི་མདུན་ལམ་སློབ་སྟོན་པ་ཡིན་ན། ཐོག་མར་ཤེས་ཡོན་སྲིད་བྱུས་གསར་པར་ངེས་ཆ་དགོས་པ་རེད། ཅེས་དང་། མི་ཚེ་ཡག་པོ་ཞིག་བསྐྱལ་རྒྱུར་ལུས་སེམས་གཉིས་ཀྱི་འཕྲོད་བསྟེན་དང་གཙང་སྦྲ་ཡག་པོ་དགོས་པ་རེད། ལུས་བདེ་ཐང་ཡོང་བ་ལ་ངལ་རྩོལ་དང་ངལ་གསོ་ཆ་སྙོམས་པོ་ཡོང་དགོས། ངལ་རྩོལ་བྱ་རྒྱུ་མང་དྲགས་ན་འགྲིག་གི་མེད་ལ། ངལ་གསོ་བྱ་རྒྱུ་མང་དྲགས་ན་ཡང་འགྲིག་གི་མེད། དེང་སྐབས་ལུས་རྩལ་རྩེད་པ་དང་ཞོགས་རྩལ་སྦྱོང་བ་སོགས་ནི་འཕྲོད་བསྟེན་ངོ་མ་དེ་མ་རེད། གཟུགས་པོའི་འཕྲོད་བསྟེན་ངོ་མ་དེ་ངལ་རྩོལ་བྱ་དགོས་པ་རེད། ཅེས་གསུངས་སོང་།

 

དེའི་རྗེས་རིགས་གཅིག་རྐང་འཛིན་ཐོག་བཀའ་གནང་དོན། སྤྱིར་བཏང་རིགས་གཅིག་རྐང་འཛིན་ཟེར་བའི་ཚིག་འདི་བོད་རང་གི་ཡོངས་གྲགས་ཀྱི་ཚིག་ཅིག་མ་རེད། བདུན་ཅུ་དོན་གྲངས་ཤིག་ནས་དབྱིན་ཡིག་གི་ཚིག་དེ་བོད་སྐད་ནང་འགྱུར་བ་རེད། འོན་ཀྱང་དབྱིན་ཡིག་གི་ཚིག་མང་པོ་ཞིག་ནང་དོན་ལྟར་བསྒྱུར་ཐུབ་མེད། དཔེར་ན། དབྱིན་ཡིག་ནང་གི་ Education ཟེར་བ་དེ་ཤེས་རིག་ལ་བསྒྱུར་ཡོད། སྦྱིར་བཏང་ Education ཟེར་བ་དེ་བསླབ་པ་ལ་འཇུག་གི་རེད། དབྱིན་ཡིག་ནང་གི་ Research ཟེར་བ་དེ་རིགས་གཅིག་རྐང་འཛིནལ་བསྒྱུར་ཡོད། དེ་ཡང་ཏག་ཏག་ཅིག་བསྡད་ཡོད་པ་མ་རེད། Research ཟེར་ན་ཕལ་ཆེར་ཉམས་ཞིབ་དང་བསྐྱར་ཞིབ་ལ་གོ་བ་རེད། རིགས་གཅིག་རྐང་འཛིན་ཟེར་ན་དབྱིན་ཡིག་ནང་གི་ Specialization ཟེར་ན་འགྲིག་གི་རེད་དྲན་ཡོད། ཡང་དབྱིན་ཡིག་གི་ Professional ཟེར་བ་དེར་བོད་སྐད་ནང་ཁྱད་ལས་པ་དང་ཆེད་ལས་པ་བཅས་སྒྱུར་སྟངས་གཉིས་འདུག བོད་ནང་ལྟ་བུར་མཚོན་ན་ཆེད་ལས་པར་བསྒྱུར་འདུག་ལ། བཙན་བྱོལ་ནང་ཕལ་ཆེ་བས་ཁྱད་ལས་པར་བསྒྱུར་ཡོད། ཆེད་ལས་པ་ཟེར་ན་ལས་ཀ་ཞིག་ལ་ཆེད་དུ་དམིགས་ཏེ་ལས་ཀ་བྱས་པ་ལ་གོ་ཞིང་། ཁྱད་ལས་པ་ཟེར་དུས་དབྱིན་ཡིག་ནང་གི་ Specialization དང་འདྲ་བོ་ཡོད། རིགས་གཅིག་རྐང་འཛིན་ཟེར་བ་དེ་སློབ་ཚན་གཅིག་གི་ཐོག་ལ་དམིགས་བསལ་སློབ་སྦྱོང་བྱས་པར་གོ་ཆོག་ལ། མི་ཚེའི་ནང་རང་གི་བྱ་བ་གཙོ་བོ་ཞིག་དམིགས་སུ་བཀར་ཏེ་བདམས་པ་དེ་ལའང་རིགས་གཅིག་རྐང་འཛིན་ཟེར་ཆོག་གི་རེད།

 

བཀའ་ཁྲི་མཆོག་གིས་མུ་མཐུད་གསུངས་དོན། རང་ཉིད་ཀྱིས་རང་ཉིད་ངོ་ཤེས་དགོས་པ་རེད། སོ་སོར་ནུས་པ་གང་ཡོད་པ་དང་། སོ་སོར་ཞན་ཆ་གང་ཡོད་པ། གང་འདྲ་ཞིག་གི་ཐོག་ལ་སྤྲོ་བ་དང་མངོན་འདོད་ཡོད་པ་དང་། གང་འདྲ་ཞིག་ལ་སྤྲོ་བ་དང་མངོན་འདོད་མེད་པ་གསལ་བོར་ཤེས་དགོས། འདི་ཤེས་པའི་ཐབས་ལ་མདུན་ལམ་སློབ་སྟོན་པ་ཚོར་ལས་ཀ་མང་པོ་ཡོད། འོན་ཀྱང་མདུན་ལམ་སློབ་སྟོན་པ་ཚོས་ཕྲུ་གུ་ཚོར། ཁྱེད་ཀྱིས་འདིའི་ཐོག་ལ་སློབ་སྦྱོང་བྱ་དགོས་པ་རེད་ཟེར་ན་འགྲིག་གི་མ་རེད། བྱིས་པ་ཁོ་རང་ཚོར་འདེམས་སྟངས་ཤེས་པ་ཞིག་བཟོ་དགོས་པ་རེད། བྱིས་པ་ཚོར་དུས་ནམ་ཡང་ཕྱི་རོལ་དུ་ལྟ་རྒྱུ་མ་ཡིན་པར། ནང་དོན་གྱི་བསམ་བློ་སྟེ། སོ་སོ་རང་གི་ཐོག་ལ་ལྟ་ཤེས་པ་ཞིག་བཟོ་དགོས། རང་ཉིད་ལ་ཡིད་ཆེས་དང་བློ་སྟོབས་ཡོད་པ་ཞིག་བཟོ་དགོས། རིགས་གཅིག་རྐང་འཛིན་ཟེར་བ་དེ་སློབ་ཚན་རྐྱང་པའི་སྐད་ཆ་ཞིག་མ་རེད། རང་རང་གི་འདུན་པ་དང་མོས་པ་ཡིན་ཆོག་ལ། རང་ཉིད་ཀྱི་ལས་དོན་གྱི་འདམ་ཀ་དེ་ཡིན་ཡང་ཆོག་གི་རེད། འོན་ཀྱང་མོས་པ་ཡོད་པ་དང་གདམ་གསེས་བྱས་པ་ཙམ་གྱིས་འདང་གི་མེད། དེ་ལ་བརྩོན་པ་བསྐྱེད་དགོས་པ་རེད། མོས་པ་དང་འདུན་པ་ཡོད་ན་ལས་དོན་དེ་ལ་ཉིན་དང་མཚན་བྱས་ཏེ་བརྩོན་པ་བྱས་ཀྱང་དཀའ་སྣང་འཆར་གི་མ་རེད། བརྩོན་གང་དགེ་ལ་སྤྲོ་བའོ་ཟེར་བ་ལྟར། བྱ་བ་གང་ལ་སྤྲོ་སྣང་ཡོད་ན་དེ་ལ་བརྩོན་པ་བསྐྱེད་གི་རེད་ལ། བྱ་བ་དེ་གཅིག་པུར་བརྩོན་པ་བྱས་པར་བརྟེན་ནས་རིགས་གཅིག་རྐང་འཛིན་པ་ཆགས་ཀྱི་ཡོད་པ་རེད། ཅེས་གསུངས་སོང་།

 

མཇུག་ཏུ་ཤེས་རིག་མདུན་ལམ་སློབ་སྟོན་སྤྱི་ཁྱབ་འགན་འཛིན་སྒྲོལ་དཀར་དབང་མོ་ལགས་ཀྱིས་ཐུགས་རྗེ་ཆེའི་གསུང་བཤད་དང་འབྲེལ་དགོངས་ཚུལ་གསུངས་དོན། ང་རང་ཕྱི་རྒྱལ་ཁག་ཏུ་སློབ་སྦྱོང་བྱས་པའི་ཉམས་མྱོང་ལས་ང་ཚོ་བཙན་བྱོལ་བོད་མི་ཚོར་ཤེས་ཡོན་སྲིད་བྱུས་འདི་ལྟ་བུ་ཞིག་ཧ་ཅང་གལ་ཆེན་པོ་ཡིན་པའི་ངེས་ཤེས་བརྙེས་སོང་། དེ་བཞིན་ཐེངས་འདིའི་ཟབ་སྦྱོང་སྟེང་མདུན་ལམ་སློབ་སྟོན་པ་ཚོ་ངྷ་ཤོད་དཔེ་སྟོན་སློབ་གྲྭ་སོགས་སུ་གཟིགས་སྐོར་དུ་བསྐྱོད་དེ། ཤེས་ཡོན་སྲིད་བྱུས་གསར་པའི་ཐོག་ཡིད་ཆེས་དང་སྤོབས་པ་ཆེན་པོ་སྐྱེས་འདུག འོན་ཀྱང་། ང་རང་གི་བསམ་པར་བཙན་བྱོལ་བོད་མིའི་སློབ་གྲྭ་ཁག་གི་བྱིས་པ་ཚོའི་འཕྲོད་བསྟེན་ཧ་ཅང་སྐྱོ་བོ་རེད་དྲན་ཡོད། ཕྱི་ལོགས་སུ་འགྲོ་སོང་ཕོན་ཆེན་པོ་བཏང་སྟེ་ཁྲ་ཁྲ་ཟང་ཟིང་མང་པོ་བཟོས་འདུག་ཀྱང་། ཆུང་ས་ནས་བྱིས་པ་ཚོའི་རྐང་ཐུང་དང་འོལ་སོ་ཚུན་ནས་ཡག་པོ་དང་གཙང་མ་མེད་པ་དང་། ལོ་ཚད་ལ་འབབ་པའི་སོ་སོའི་བཅའ་ལག་ལ་བདག་པོ་རྒྱག་མ་ཐུབ་པ་སོགས་ཀྱི་དབང་གིས་ཕ་ཚབ་མ་ཚབ་དང་དགེ་རྒན་ཚོས་སྡང་སྡིགས་སྟོན་པ་སོགས་ཀྱི་གནོན་ཤུགས་མང་པོ་ཞིག་གི་འོག བྱིས་པ་ཚོ་སེམས་ཁམས་མ་སྐྱིད་པ་དང་བློ་རྒྱ་གུ་དོགས་ཆགས་ཏེ་སློབ་སྦྱོང་ཐོག་ནུས་ཤུགས་འདོན་མ་ཐུབ་པ་ཆགས་ཀྱི་འདུག དེར་བརྟེན། ང་རང་ཤེས་རིག་ལས་ཁུངས་ཀྱི་མདུན་ལམ་སློབ་སྟོན་པ་ཞིག་ཡིན་པའི་ངོས་ནས་སློབ་ཕྲུག་ཚོར་ནང་དོན་རིག་པའི་ཚན་རིག་དང་། ནང་དོན་རིག་པའི་ལྟ་གྲུབ་ཀྱི་ཐོག་ལ་ཤུགས་རྒྱག་རྒྱུར་འབད་བརྩོན་བྱེད་ཀྱི་ཡོད། ཅེས་གསུངས་སོང་།

གསར་འགོད་པ། དོན་འགྲུབ་བཀྲ་ཤིས།

བསྐྱར་བཅོས།: ༢༠༡༤/༠༣/༢༦

Leave a Reply

3 thoughts on “རང་ཉིད་ལ་ཡིད་ཆེས་དང་བློ་སྟོབས་ཡོད་པ་ཞིག་བཟོ་དགོས།

  1. ལྷོ་མཐའི་གད་རྒྱངས།

    བྱིས་པའི་མགོ་བོ་འབུར་འཇོམས་བྱེད་རྒྱུ་དེ་དགེ་རྒན་གྱི་ལས་ཀ་ཐབས་སྡུག་ཤོས་དེ་རེད། དགེ་རྒན་ནི་གཏེར་སྟོན་མཁན་ཙམ་དང། བྱིས་པ་ནི་རིན་པོ་ཆེ་སྣ་ཚོགས་འབྱུང་སའི་གཏེར་ཁ་ངོ་མ་དེ་ཡིན་པ་རེད། ཅེས་སློབ་གསོ་སྨྲ་བ་མང་པོས་གསུངས་ཡོད།

  2. ཧོར་བུ་ཡེ་ཤེས

    ཚོགས་འདུལ་དང་ཡག་པོ་ཞིག་ཚོགས་ཤག།ཡིན་ནའང་སོ་སོའི་ས་གནས་སུ་ལོག་ཚར་དུས་གང་ཡང་བྱེད་ཀྱི་མ་རེད།ཁྱོད་རྣམ་པས་གསུངས་པའི་རིགས་གཅིག་རྐང་འཛིན་ནི་ཤེས་ཡོན་ཐོག་ནས་མེད་པར་ཆང་རག་དང་བེུད་ཀྱི་སོར་མོ་ལ་བྱུག་ཡག་གི་ཆུ་དེ་དང་ལྷམ་སྦྱར་བྱེད་ཀྱི་སྦྱར་རྩི་བཅས་སྣོམ་རྒྱུ་དེ་རེད།ལུགས་སྲོལ་དེ་ང་ཚོའི་སློབ་གྲྭ་ཁག་དང་དམག་རྒར་རུ་དར་ཁྱབ་ཧ་ཅང་ཆེ།དེ་ཁྱོད་ཚོའི་མ་མཐོང་བ་རེད་དམ་མཐོང་འདོད་མེད་པ་རེད།དང་པོ་དེ་ཡི་རིགས་མེད་པ་མ་བཟོ་ན་ཤེས་ཡོན་གྱི་ཐོག་ནས་རིགས་གཅིག་རྐང་འཛིན་ཟེར་བར་སྟོང་བསམ་རེད་ལ་ཚོགས་འདུལ་ཚོགས་པའི་དུས་ཚོད་དང་སྒོར་མོ་ཐམས་ཅད་འཕྲོ་བརླག་རང་རེད།།

  3. སྒྲོལ་དཀར་དབང་མོ་ལགས་ཀྱིས་༼ཕ་ཚབ་མ་ཚབ་དང་དགེ་རྒན་ཚོས་སྡང་སྡིགས་སྟོན་པ་སོགས་ཀྱི་གནོན་ཤུགས་མང་པོ་ཞིག་གི་འོག བྱིས་པ་ཚོ་སེམས་ཁམས་མ་སྐྱིད་པ་དང་བློ་རྒྱ་གུ་དོགས་ཆགས་ཏེ་སློབ་སྦྱོང་ཐོག་ནུས་ཤུགས་འདོན་མ་ཐུབ་པ་ཆགས་ཀྱི་འདུག༽ ཟེར་བ་དངོས་ཡོད་གནས་དོན་རེད། བྱིས་པ་མང་ཆེ་བར་སེམས་ཤུགས་ཆགས་པ་དང་། ཉམས་ཆུང་དྲག་པ་ནུས་མེད་ཀྱི་རྣམ་པ་ཞིག་མཐོང་གི་འདུག