འོས་བསྡུའི་འགེང་ཤོག་རྫོཊ་སོང་།

བཞུགས་སྒར་ངྷ་རམ་ས་ལ་ཁུལ་དུ་འོས་འཕེན་པ་མང་དྲགས་པའི་དབང་གིས་དགེ་ལུགས་པ་དང་ས་སྐྱ་བའི་སྤྱི་འཐུས་འོས་འདེམས་ཀྱི་འགེང་ཤོག་རྫོགས་ཟིན་པའི་དཀའ་ངལ་ཞིག་བྱུང་ཡོད།

དེ་རིང་རྒྱ་བལ་འབྲུག་གསུམ་དང་ཕྱི་རྒྱལ་ཡུལ་གྲུ་ཁག་གི་བོད་རིགས་འདུས་སྡོད་ཀྱི་ས་གནས་ཡོངས་རྫོགས་ནང་ཉིན་བརྒྱ་དུས་གཅིག་ལ། སྐབས་བཅུ་བཞི་བའི་བཀའ་བློན་ཁྲི་པ་དང་། སྐབས་བཅོ་ལྔ་བའི་བོད་མི་མང་སྤྱི་འཐུས་འོས་འཕེན་གྱི་ལས་དོན་མགོ་འཛུགས་བྱས་ཡོད་པ་ལྟར། བཞུགས་སྒར་ངྷ་རམ་ས་ལ་ཁུལ་དུ་འོས་འཕེན་པ་ཧ་ཅང་མང་བའི་རྐྱེན་གྱིས་ཆོས་བརྒྱུད་སྤྱི་འཐུས་འོས་འདེམས་ཀྱི་འགེང་ཤོག་མ་འདང་བའི་དཀའ་ངལ་ཞིག་བྱུང་ཡོད། དེ་རིང་ཉིན་རྒྱབ་ངྷ་ས་ཁུལ་དུ་དགེ་ལུགས་དང་ས་སྐྱ་གཉིས་ཀྱི་སྤྱི་འཐུས་འོས་བསྡུའི་འགེང་ཤོག་རྫོགས་ཡོད་ཅིང་། ཕྱི་དྲོའི་ཆུ་ཚོད་ ༤ དང་ཕྱེད་ཀ་ཙམ་ལ་གངས་སྐྱིད་ཁུལ་གྱི་འགེང་ཤོག་ཀྱང་རྫོགས་ཏེ་བསྐྱར་དཔར་རྒྱག་དགོས་པ་བྱུང་ཡོད།  

 

གནད་དོན་འདིའི་ཐད་གསར་འགོད་པས་ངྷ་ས་ས་གནས་མགོ་འཛིན་ཚེ་རིང་ཕུན་ཚོགས་ལགས་སུ་བཅར་འདྲི་ཞུས་པར་ཁོང་གིས་བརྗོད་དོན། དགེ་ལུགས་དང་ས་སྐྱ་གཉིས་ཀྱི་སྤྱི་འཐུས་འོས་འདེམས་ཀྱི་འགེང་ཤོག་རྫོགས་ཟིན་པ་དངོས་ཡོད་རེད། ད་ཆར་བསྐྱར་དཔར་གྱིས་ཐབས་ལམ་འཚོལ་བཞིན་ཡོད། སྤྱིར་ཕྱོགས་མཐའ་ཁག་ནས་ཕེབས་མཁན་དེ་ཚོར། ས་གནས་འདི་གར་འོས་ཤོག་ལྡུག་རྒྱུའི་ཐོབ་ཐང་ཡོད་པ་མ་རེད། འོན་ཀྱང་ཐེངས་འདིར་གསུང་ཆོས་ཀྱི་རྐྱེན་པས་ཕྱོགས་མཐའ་ཁག་ནས་ཕེབས་པའི་དགེ་ལུགས་པ་དང་། ས་སྐྱ་བའི་དགེ་འདུན་པ་མང་པོ་ཞིག་ཡོད་སྟབས། འོས་བསྡུའི་དེབ་སྐྱེལ་བྱས་ཟིན་ཡོད་ན། ཁོང་ཅག་ལའང་འོས་འཕེན་གྱི་ཐོབ་ཐང་འབུལ་གྱིན་ཡོད། སྤྱིར་ངྷ་རམ་ས་ལ་ཁུལ་དུ་དེབ་སྐྱེལ་བྱས་ཡོད་པའི་དགེ་ལུགས་ ༤༡༨ དང་།  ས་སྐྱ་བར་སྤྱི་འཐུས་ལས་ཐོག་གཉིས་དང་གཞན་གཅིག་གཉིས་ཤིག་མ་གཏོགས་ཡོད་པ་མ་རེད། ཅེས་ངོ་སྤྲོད་གནང་སོང་།

 

ཡང་ཁོང་ལ་འོས་བསྡུའི་འགེང་ཤོག་བསྐྱར་དཔར་བརྒྱབ་པ་དང་། འགེང་ཤོག་གི་ཨང་གྲངས་གསར་བཟོ་བྱས་པ་སོགས་བཅའ་སྒྲིག་དང་མཐུན་གྱིན་ཡོད་མེད་དྲིས་པར་ཁོང་གིས། འགེང་ཤོག་རྫོགས་སོང་བ་ཡིན་ན་ཐབས་ཤེས་མི་བྱེད་ཐབས་མེད་ཆགས་ཀྱི་ཡོད་པ་རེད། དེར་བརྟེན། འགེང་ཤོག་བསྐྱར་དཔར་བརྒྱབ་དང་ཟུར་དུ་དེབ་སྐྱེལ་ཨང་གྲངས་གསར་བ་ཞིག་མགོ་འཛུགས་བྱས་ཤིང་། ས་གནས་འོས་བསྡུ་ལྷན་ཁང་གི་ཐམ་ག་བརྒྱབ་རྗེས་འོས་འཕེན་དུ་འཇུག་གི་ཡོད། འོས་ཤོག་ག་ཚོད་ཅིག་བསྐྱར་དཔར་བརྒྱབ་པ་དང་། ག་ཚོད་ཅིག་ལ་ཐམ་ག་བརྒྱབ་པ་སོགས་ཆ་ཚང་དབུས་འོས་བསྡུ་ལྷན་ཁང་ལ་སྙན་གསེང་ཞུ་བཞིན་ཡོད། གཞན། ཆོལ་ཁ་ཁག་གི་སྤྱི་འཐུས་དང་བཀའ་བློན་ཁྲི་པའི་འོས་བསྡུའི་འགེང་ཤོག་ཐད་དཀའ་ངལ་གང་ཡང་མི་འདུག དེ་བཞིན། ཧི་མ་ཅལ་ཉེ་འགྲམ་གྱི་མཱི་ན་ལེ་དང་། ཁུ་ལི། སྦིར་བཅས་ཕྱོགས་མཐའ་ཁག་ནས་གསུང་ཆོས་ཞུ་བར་ཕེབས་མཁན་མང་པོ་ཞིག་འདུག  ཁོང་ཅག་ལ་ཡང་འོས་བསྡུའི་ཨང་གྲངས་རང་ཁོངས་ནས་འགེང་ཤོག་འབུལ་གྱིན་ཡོདཕྱི་རྒྱལ་ཁག་ནས་ཕེབས་མཁན་འགའ་རེ་འདུག ཁོང་ཅག་གིས་དེབ་སྐྱེལ་བྱས་ཡོད་ན་བཀའ་ཁྲིར་འོས་ལྡུག་རྒྱུའི་ཐོབ་ཐང་འབུལ་གྱིན་ཡོད། འོན་ཀྱང་། ཕྱི་རྒྱལ་ཁག་ནི་ཆོལ་ཁ་རིས་མེད་ཡིན་སྟབསཆོལ་ཁོངས་ཀྱི་སྤྱི་འཐུས་འོས་འཕེན་གྱི་ཐོབ་ཐང་ཡོད་པ་མ་རེད། ཅེས་བརྗོད་སོང་། 

གསར་འགོད་པཚེ་རིང་རྒྱལ།

བསྐྱར་བཅོས།: ༢༠༡༧/༠༢/༡༦

Leave a Reply

One thought on “འོས་བསྡུའི་འགེང་ཤོག་རྫོཊ་སོང་།

  1. ཇོ་བོ་རྣམས་གཉིས།

    དེ་རིང་འོས་སྡུ་ལས་ཁང་ནས་གང་་མིན་ཚད་ཡག་པོ་གནང་སོང། ཡིན་ན་ཡང་ཆོས་ལུགས་ཀྱི་འོས་ཤོག་རྫོགས་པ་དེས་ཞབས་འདྲེན་ཏོག་ཙམ་ཞུས་འདུག། རྒྱ་ཆེའི་འོས་རླུག་མཁན་ལ་ཞུ་རྒྱུ་རང་ད་མིན་འདུག་ཀྱང་། དཔལ་ལྡན་འོས་སྡུ་ལས་ཁང་ནས་ཞབས་འདྲེན་ཏོག་ཙམ་ཞུས་སོང་།