ཨེ་མོ་རི་དང་རྒྱ་ནག་གི་རྙོག་འཛིང་ཆེ་བའི་འབྲེལ་བ།

ང་ཚོ་ཨེ་མོ་རིའི་ངོས་ནས་ཨེ་མོ་རི་དང་བོད་ཀྱི་ཚན་རིག་ལས་རིམ་འདི་དང་། ༧གོང་ས་མཆོག་དང་བོད་ཀྱི་མཐོ་རིམ་སློབ་གཉེར་ཁང་དག་དང་མཉམ་འབྲེལ་ལས་གཞི་ཁག་ལ་ཆོད་སེམས་བརྟན་པོར་གནས་ངེས་ཡིན་ཞེས་ཨེ་མོ་རི་གཙུག་ལག་སློབ་གཉེར་ཁང་གི་གཙོ་འཛིན་ཇེམ་སིཝེག་ནར་ལགས་ཀྱིས་གསུངས་ཡོད།
ཨེ་མོ་རི་གཙུག་ལག་སློབ་གཉེར་ཁང་གི་ཁྱད་འཕགས་གཙུག་ལག་སློབ་དཔོན་ཆེན་མོར་༧གོང་ས་མ་མཆོག་སྤྱི་ཟླ་ ༡༠ ཚེས་ ༡༧ ཉིན་ནས་ཚེས་ ༡༩ བར་དུ་ཨེ་མོ་རིར་ཆིབས་བསྒྱུར་ཐེངས་གསུམ་པ་དེ་བསྐྱང་རྒྱུ་ཡིན་པ་དང་། རྒྱ་ནག་གཞུང་གིས་རང་ཉིད་ཀྱི་འགལ་ཟླར་བརྩིས་ཡོད་པའི་བོད་ཀྱི་དབུ་ཁྲིད་ཁོང་ཨེ་མོ་རིར་ཕེབས་བསུ་ཞུ་བཞིན་ཡོད་ཀྱང་། ཨེ་མོ་རི་དང་རྒྱ་ནག་གཞུང་གཉིས་དབར་གྱི་ཤེས་ཡོན་དང་། ཚན་རིག རིག་གཞུང་། བདེ་རྩ་སོགས་ཀྱི་མཚོན་པའི་ལས་གཞིའི་རྣམས་གྲངས་ཁག་རྩ་བ་ཇེ་བརྟན་དང་རྣམ་པ་ཇེ་མང་དུ་འགྱུར་བཞིན་ཡོད་པ་རེད། ཨེ་མོ་རིའི་གཙུག་ལག་སློབ་གཉེར་ཁང་གི་འཛིན་སྐྱོང་སྡེ་ཚན་ནས་གསལ་བཤད་གནང་བ་ལྟར་ན། ཕྱོགས་གཉིས་ཀའི་ཁེ་ཕན་གྱི་ལས་དོན་སྣ་མང་ཞིག་འཕེལ་རྒྱས་སུ་འགྲོ་བཞིན་པ་དེ་ལྟར་ཡང་། རྒྱ་ནག་སྲིད་གཞུང་དང་མཉམ་དུ་ལྟ་ཚུལ་མི་མཐུན་པའི་གནད་དོན་མང་པོ་ཞིག་རང་འཇགས་ལྷག་ཡོད་ཟེར།

ཨེ་མོ་རིའི་གཙོ་འཛིན་གཞོན་པ་གྷེ་རི་ཧོག་གིས་འཁོར་ལོ་ཞེས་པའི་ཚགས་པར་ལ་གློག་འཕྲིན་ཞིག་བསྐུར་བའི་ནང་དུ་གསལ་བ་ལྟར་ན། “མཚམས་མཚམས་ལ་ང་ཚོར་ཧུའུ་སི་ཊོན་ལ་ཡོད་པའི་རྒྱ་ནག་གཞུང་ཚབ་ཁང་ནས་ཡི་གེ་འབྱོར་བཞིན་འདུག་པ་དང་། ང་ཚོས་༧གོང་ས་མཆོག་དང་འབྲེལ་བ་བཙུགས་པ་འདིར་བློ་ཕམ་ཡོད་ཚུལ་བརྗོད་ཀྱིན་འདུག ང་ཚོས་གོ་གསལ་ལྟར་ན། ང་ཚོའི་གཞུང་འབྲེལ་དྲ་གནས་ཐོག་ཏུ་༧གོང་ས་བླ་མ་མཆོག་དང་འབྲེལ་བའི་གནས་ཚུལ་ཡོད་པའི་དབང་གིས་དྲ་གནས་འདི་རྒྱ་ནག་ནང་དུ་བཀག་སྡོམ་བྱས་འདུག་” ཟེར།

གྷེ་རི་ཧོག་གིས་མུ་མཐུད་ནས་གསལ་བཤད་བྱས་པ་ལྟར་ན། ༧གོང་ས་མཆོག་སློབ་གཉེར་ཁང་འདིའི་ཁྱད་འཕགས་གཙུག་ལག་སློབ་དཔོན་ཆེན་པོར་བསྐོ་བཞག་གནང་བ་ཕུད། ད་དུང་ཨེ་མོ་རི་དང་བོད་ཀྱི་མཐུན་ཚོགས་བཙུགས་པ་འདི་རྒྱ་ནག་གཞུང་དང་ལྟ་ཚུལ་མི་མཐུན་པའི་གནད་དོན་ལྟེ་བ་ཞིག་ཏུ་གྱུར་ཡོད། ཨེ་མོ་རི་དང་བོད་ཀྱི་མཐུན་ཚོགས་ནི་སྤྱི་ལོ་ ༡༩༩༨ ལོར་ཨེ་མོ་རིར་དབུ་བརྙེས་ཤིང་། མཐུན་ཚོགས་འདིས་བོད་དང་ནུབ་ཕྱོགས་གཉིས་ཀྱི་རིག་གཞུང་དང་། ལྟ་གྲུབ། ཆོས་ལུགས། ཚན་རིག་དང་འཕྲོད་བསྟེན་སོགས་ཀྱི་བརྗོད་གཞིའི་ཐོག་ལ་བསམ་ཚུལ་བརྗེ་རེས་དང་མཉམ་ལས་བྱེད་ཀྱིན་ཡོད་པ་རེད། མཐུན་ཚོགས་འདིའི་གྲུབ་ཆ་གཙོ་ཆེ་བ་གཅིག་ནི་ཨེ་མོ་རི་དང་བོད་ཀྱི་ཚན་རིག་ལས་རིམ་ཡིན་པ་དང་། ལས་རིམ་འདིས་བོད་ཀྱི་གྲྭ་བཙུན་ཚོར་ཚན་རིག་སློབ་ཁྲིད་བྱེད་པ་དང་། ཚན་རིག་གི་སློབ་ཚན་ཆ་ཚང་བ་ཞིག་ཆེད་སྒྲིག་གཏན་འབེབ་ཀྱིས་བོད་ཀྱི་སྐད་ཡིག་ཐོག་ཕབ་བསྒྱུར་བྱེད་རྒྱུ་རེད་ཟེར།
གཙོ་འཛིན་ཇེམ་སི་ཝེག་ནར་གྱི་ལྟ་ཚུལ་ལྟར་ན། ཨེ་མོ་རི་དང་དེའི་རྒྱལ་སྤྱིའི་ལས་གྲོགས་རྣམས་ཀྱི་དབར། ལྟ་ཚུལ་མི་མཐུན་པའི་རིགས་ནི་ནམ་ཡང་གཡོལ་ཐབས་མེད་པ་ཞིག་དང་། དམིགས་བསལ་གྱིས་སྨྲ་བརྗོད་རང་དབང་གི་ཐད་ནས་བཤད་ན་གཡོལ་ཐབས་མེད་པ་ཞིག་རེད་ཟེར།
རྒྱ་ནག་ནང་སློབ་ཡུན་གཉིས་རིང་དང་དབྱར་ཁའི་འཛིན་གྲྭ་གཉིས་རིང་སློབ་སྦྱོང་དང་ལས་ཀ་བྱས་མྱོང་བའི་སློབ་ཉེར་བ་གྷོལ་ཌི་བྷག་གིས་བཤད་པ་ལྟར་ན། རྒྱ་ནག་ནང་ཁོང་ལ་འཕྲད་པའི་མི་མང་པོ་ཞིག་ལ་༧གོང་ས་མཆོག་ནི་ཨེ་མོ་རིས་མཆོག་ཏུ་བཀུར་བའི་སློབ་དཔོན་ཞིག་རེད་ཟེར་བ་ལ་དོགས་མི་བདེ་བའི་ཚོར་སྣང་ཞིག་འདུག གང་ལྟར། ཨེ་མོ་རིས་ཕྱོགས་གཉིས་ཀར་བཙུགས་པའི་འབྲེལ་བ་འདིར་རིན་ཐང་ཆེན་པོ་ཞིག་མཐོང་གིན་འདུག་ཟེར།

ཨེ་མོ་རི་དང་རྒྱ་ནག་གི་མཐོ་རིམ་སློབ་གཉེར་ཁང་མང་པོ་ཞིག་གི་དབར་འབྲེལ་བ་ཡོད་པར་མ་ཟད། ཚན་རིག་ལག་རྩལ་དང་སྤྱི་ཚོགས་ལས་རིགས་མང་པོ་ཞིག་དང་ཡང་མཉམ་འབྲེལ་གྱི་ལས་གཞི་བརྩམས་ནས་ལོ་ངོ་མང་པོ་འཁོར་ཡོད་པར་མ་ཟད། ཨེ་མོ་རིར་ཡོད་པའི་ཞིབ་འཇུག་སྡེ་ཁག་མང་པོ་ཞིག་ཏུ་རྒྱ་རིགས་ལས་བྱེད་པ་དང་དགེ་རྒན་ཡོད་ལ། དེ་བཞིན་དུ་ཨེ་མོ་རིར་ལོ་རེའི་ནང་དུ་རྒྱ་རིགས་སློབ་མ་བརྒྱ་ཕྲག་བརྒལ་བ་འཛུལ་ཞུགས་བྱེད་ཀྱིན་ཡོད། སློབ་མའི་མཐུན་ཚོགས་ཀྱི་ངོས་ནས་ལོ་ལྟར་རྒྱ་ནག་ལོ་གསར་དགའ་སྟོན་གོ་སྒྲིག་བྱེད་པ་སོགས་ཀྱིས་མཚོན་པའི་ལས་འགུལ་སྤེལ་བཞིན་ཡོད།

ཨེ་མོ་རིར་བོད་རིགས་སློབ་མ་རེ་ཟུང་ལས་མེད་པར་མ་ཟད། ཞིབ་འཇུག་གི་ལས་གཞི་སོགས་ཀྱི་ཐད་ལ་ལས་ཀ་བྱེད་མཁན་ཡང་རེ་ཟུང་ལས་མེད་མོད། ཨེ་མོ་རིར་བོད་ཀྱི་སྐད་ཡིག་སློབ་ཁྲིད་བྱེད་པ་དང་། ཨེ་མོ་རི་དང་བོད་ཀྱི་མཐུན་ཚོགས་ཀྱི་ངོས་ནས་ལོ་རེའི་སྤྱི་ཟླ་གསུམ་པའི་ནང་དུ་བོད་ཀྱི་བདུན་ཕྲག་ཅེས་པའི་ལས་འགུལ་སྤེལ་ནས་བོད་ཀྱི་རིག་གཞུང་དང་། ད་ལྟའི་བོད་ཀྱི་གནས་བབ་བཅས་ངོ་སྤྲོད་བྱེད་ཀྱིན་ཡོད། ད་དུང་ཨེ་མོ་རིར་ཡོད་པའི་བོད་རང་དབང་སློབ་ཕྲུག་ཚོགས་པའི་ངོས་ནས་ཀྱང་དུས་ལྟར་བོད་དོན་དང་འབྲེལ་བའི་ལས་འགུལ་སྤེལ་བ་དང་། གློག་བརྙན་སྟོན་པ་སོགས་ལས་འགུལ་རབ་དང་རིམ་པ་ཞིག་སྤེལ་བཞིན་ཡོད།
ཁོར་ཡུག་གཅིག་ཏུ་ལྟ་ཚུལ་མི་མཐུན་པའི་སྡེ་ཁག་ཆེན་པོ་གཉིས་འདི་ལྟར་འཚོ་སྡོད་བྱེད་ཀྱིན་པ་དེ་ལྟར་ཡང་། ད་ལྟའི་བར་དུ་༧གོང་ས་མཆོག་གི་ཆིབས་སྒྱུར་སོགས་ཀྱིས་མཚོན་པའི་ལས་དོན་གང་འདྲ་ཞིག་ཏུ་ཡིན་ཡང་འགལ་ཟླའི་རྣམ་པ་མཚོན་པའི་གནད་དོན་མངོན་གསལ་ཅན་གང་ཡང་བྱུང་མེད།
ཨེ་མོ་རིའི་གཙུག་ལག་སློབ་གཉེར་ཁང་གི་སློབ་དཔོན་དང་། ཨེ་མོ་རི་དང་བོད་ཀྱི་མཐུན་ཚོགས་ཀྱི་ཚོགས་གཙོ། འབྲས་སྤུངས་བློ་གསལ་གླིང་ཆོས་ཚོགས་ཀྱི་ཚོགས་གཙོ་དགེ་བཤེས་བློ་བཟང་བསྟན་འཛིན་ལགས་ཀྱིས་གསུངས་དོན། “ཨེ་མོ་རི་གཙུག་ལག་སློབ་གཉེར་ཁང་གི་གཙོ་འཛིན་རྒན་གཞོན་དང་། ངེས་སྟོན་པ། དགེ་རྒན་རྣམ་པ་སོགས་མི་རེ་ངོ་རེ་ནས་ང་ཚོའི་ལས་གཞི་འདིར་ལྷག་བསམ་རྣམ་དག་གིས་རྒྱབ་སྐྱོར་དང་མཐུན་འགྱུར་གནང་བཞིན་ཡོད་པར་མ་ཟད། མཐའ་ན་རྒྱ་རིགས་དགེ་རྒན་ཚོའི་ངོས་ནས་ཀྱང་ལས་གཞི་འདིར་སེམས་གཏིང་ནས་དགའ་མོས་བྱེད་ཀྱིན་འདུག
ཁོང་གིས་མུ་མཐུད་དེ་གསུངས་དོན། སྤྱི་ལོ་ ༡༩༩༥ ལོར་༧གོང་ས་མཆོག་ཨེ་ཊི་ལན་ཊར་ཕེབས་པའི་སྐབས་སུ་ཨེ་མོ་རི་གཙུག་ལག་སློབ་གཉེར་ཁང་འདིར་གསུང་བཤད་ཅིག་གནང་བར་ཕེབས་པ་དང་། སྐབས་དེར་རྒྱ་རིགས་སློབ་མ་ཚོས་ངོ་རྒོལ་གྱི་རྣམ་འགྱུར་ལྟ་བུ་སྟོན་འཆར་བྱས་ཡོད་ཀྱང་། ༧གོང་ས་མཆོག་གིས་སྐབས་དེར་རྒྱ་རིགས་སློབ་མ་ཚོར་ཟུར་དུ་མཇལ་འཕྲད་ཅིག་གནང་ནས་གསུང་བཤད་གནང་ཡོད་པར་མ་ཟད། དྲི་བ་དྲིས་ལན་ཞིག་ཀྱང་གནང་། མཇལ་འཕྲད་གྲུབ་མ་ཐག་ཁོང་ཚོས་༧གོང་ས་མཆོག་དང་ལྷན་དུ་སྐུ་པར་བསྒྲོན་པར་འཚང་ཁ་ཤིག་ཤིག་བྱས་སོང་། དེ་ནས་བཟུང་ད་ལྟའི་བར་དུ་ང་ཚོའི་ལས་རིགས་གང་ལ་ཡང་ཁོང་ཚོས་མི་དགའ་བའི་རྣམ་འགྱུར་བསྟན་མ་མྱོང་ལ། ང་ཚོས་ངོས་ནས་ཀྱང་རྒྱ་རིགས་མི་མང་དང་རྒྱ་ནག་གཞུང་གཉིས་ལོགས་སུ་བཀར་ནས་སྐད་ཆ་བཤད་པ་ལས། གཞུང་གི་ནོར་འཁྲུལ་དེ་དག་མི་མང་གི་མགོར་གཡོག་ནས་སྐད་ཆ་ནམ་ཡང་བཤད་ཀྱིན་མེད། འདི་གའི་རྒྱ་རིགས་ལས་བྱེད་དང་སློབ་མ་རེ་ཟུང་ལ་ཟུར་དུ་ཐུག་ནས་སྐད་ཆ་བཤད་དུས་༧གོང་ས་མཆོག་ལ་དགའ་མོས་ཡོད་པའི་རྣམ་པ་མངོན་གསལ་དོད་པོས་བཤད་ཀྱིན་འདུག་ཟེར།

སྤྱི་ལོ་ ༢༠༡༠ ནི་ཨེ་མོ་རི་གཙུག་ལག་སློབ་གཉེར་ཁང་སྤྱི་དང་། བྱེ་བྲག་ཏུ་ཨེ་མོ་རི་དང་བོད་ཀྱི་མཐུན་ཚོགས་ལ་མཚོན་ན་ཆེས་འབུར་ཏུ་ཐོན་པའི་ལོ་ཞིག་ཡིན་པ་སྟེ། ལོ་འདི་ནི་༧གོང་ས་མཆོག་སློབ་གཉེར་ཁང་འདིའི་ཁྱད་འཕགས་གཙུག་ལག་སློབ་དཔོན་དུ་བསྐོས་རྗེས་ཀྱི་ཆིབས་བསྒྱུར་ཐེངས་དང་པོ་དང་། ཨེ་མོ་རི་དང་བོད་ཀྱི་ཚན་རིག་ལས་རིམ་གྱི་དགེ་འདུན་པ་དྲུག་ལ་ལོ་གཅིག་ཧྲིལ་བོར་ཚན་རིག་སློབ་སྦྱོང་གི་གོ་སྐབས་ཐོབ་ནས་ཨེ་མོ་རིར་ཐོག་མར་འབྱོར་ཡོད་པ། དེ་བཞིན་དུ་ལོ་རྒྱུས་ཐོག་གི་རྒྱལ་སྤྱིའི་བོད་བརྒྱུད་ནང་བསྟན་ཆོས་ལུགས་ཀྱི་བགྲོ་གླེང་ཚོགས་འདུ་ཐོག་མ་འཚོག་གཏན་འཁེལ་བ། དེ་བཞིན་ཨེ་མོ་རི་དང་བོད་ཀྱི་ཚན་རིག་ལས་རིམ་གྱི་བོད་དབྱིན་ཤན་སྦྱར་གྱི་སྔོན་འགྲོའི་ཚན་རིག་སློབ་དེབ་བཞི་དངོས་སུ་པར་བསྐྲུན་བྱས་པ་སོགས་ཀྱིས་མཚོན་པའི་ལས་རིམ་རབ་དང་རིམ་པ་ཞིག་བྱུང་བཞིན་ཡོད། དེ་བཞིན། ས་རཱ་བོད་ཀྱི་མཐོ་རིམ་སློབ་གཉེར་ཁང་དང་མཉམ་འབྲེལ་གྱི་ལས་གཞི་ཞིག་སྟེ། སློབ་དཔོན་ནཱ་ར་ཌོཡལ་ (Tara Doyle PhD) ལགས་ཀྱིས་སྣེ་ཁྲིད་བྱེད་ཀྱིན་པའི་པའི་རྒྱལ་སྤྱིའི་ཕྱི་སྐྱོད་སློབ་གཉེར་ལྟ་གནས་ཀྱི་ལས་རིམ་འདི་ཉིད་དབུ་བརྙེས་ནས་ད་ལྟའི་དབར་དུ་ལོ་ངོ་བཅུ་འཁོར་བའི་མཛད་སྒོ་ཞིག་ཀྱང་འཚོག་རྒྱུ་ཡིན་པ་དང་། ལས་རིམ་འདིར་ཆེད་དུ་དམིགས་ནས་རིགས་ལམ་སློབ་གཉེར་ཁང་གི་གི་འགན་འཛིན་གཞོན་པ་དགེ་བཤེས་བསྐལ་བཟང་དགྲ་འདུལ་ལགས་དང་། ས་རཱ་བོད་ཀྱི་མཐོ་རིམ་སློབ་གཉེར་ཁང་གི་སློབ་སྤྱི་དགེ་བཤེས་འཇམ་དཔལ་གྲགས་པ་ལགས་སོགས་ཀྱང་ཕེབས་རྒྱུ་རེད།

ཨེ་མོ་རིའི་སློབ་དཔོན་ཏཱ་ར་ཌོཡཱལ་ལགས་ཀྱིས་གསུངས་པ་ལྟར་ན། ད་ལྟའི་དབར་དུ་ལས་རིམ་འདིར་ཁྱོན་བསྡོམས་སློབ་ཕྲུག་ ༡༢༥ ལྷག་འཛུལ་ཞུགས་བྱས་ཡོད་པ་དང་། ཟླ་དྲུག་རིང་གི་ལས་གཞི་འདིར་ཞུགས་མཁན་གྱི་སློབ་མ་ཚོས་ནང་པའི་ལྟ་གྲུབ་དང་། བོད་ཀྱི་སྐད་ཡིག   ལོ་རྒྱུས། བོད་རིག་པའི་ཞིབ་འཇུག་སོགས་སློབ་ཚན་བཞི་ལ་སློབ་སྦྱོང་བྱས་དང་བྱེད་བཞིན་ཡོད་ཟེར།
 
ཨ་རིའི་ཨེ་མོ་རིའི་མཐོ་རིམ་སློབ་མ་སངས་རྒྱས་བཀྲ་ཤིས་ཀྱིས་མཁོ་གཏོང་བྱས།
ཨེ་མོ་རི་དང་བོད་ཀྱི་ཚན་རིག་ལས་རིམ་གྱི་བོད་ཡིག་དྲ་གནས། www.tibet.emory.edu/etsi

བསྐྱར་བཅོས།: ༢༠༡༦/༠༡/༠༦

Leave a Reply