སློབ་ཕྲུག་ཚོར་ཤེས་ཡོན་བསླབ་རྒྱུའི་ཚབ་ལ་ཚོང་སློབ་ཀྱི་ཡོད།

ཕྲུ་གུའི་ཀུན་སྤྱོད་དང་སྦྱངས་འབྲས་ཐད་ནས་ཕྲུ་གུ་གཞན་དང་འགྲན་བསྡུར་ནམ་ཡང་མ་གནང་རོགས། དཔེར་ན། ཁྱིམ་མཚེ་ཚང་གི་བུ་དེ་ཡག་པོ་ཡོད་ལུགས་དང་དེའི་སྦྱངས་འབྲས་ལེགས་ཚུལ། ཁྱོད་རང་ག་རེ་བྱས་པ་རེད་སོགས་ལབ་སྟེ་ཁ་རྡོང་བཏང་ན། ཕྲུ་གུའི་ཀུན་སྤྱོད་དང་སློབ་སྦྱོང་ཡག་ཏུ་འགྲོ་རྒྱུའི་ཚབ་ལ། ཕྲུ་གུའི་སེམས་ལ་དཀའ་ངལ་འཕྲད་ཀྱི་ཡོད་པ་མ་ཟད། སེམས་པ་ཐང་ཐང་མེད་པ་ཆགས་རྒྱུའི་ཉེན་ཁ་ཡོད་ཟེར།

དེ་རིང་སྔོ་དྲོ་ངྷ་ས་ཡོངས་གླིང་སློབ་གྲྭ་དབུ་བརྙེས་ཏེ་ལོ་ ༢༦ འཁོར་པའི་མཛད་དེ་སྲུང་གཙི་བྱས་ཡོད་ཅིང་། མཛད་སྒོའི་སྐུ་མགྲོན་གཙོ་བོར་བོད་གཞུང་ཤེས་རིག་བཀའ་བློན་ཐུབ་བསྟན་ལུང་རིགས་མཆོག་ཕེབས་འདུག སྐབས་དེར་སློབ་གྲྭའི་འགན་འཛིན་ཟླ་བ་ཚེ་རིང་ལགས་ཀྱིས་སློབ་གྲྭའི་ལས་བསྡོམས་དང་འབྲེལ་གསུང་བཤད་གནང་དོན། ཐེངས་འདིར་ཐག་རིང་ཐུང་དང་འགྲོ་སོང་ལ་མ་འཛེམས་པར་སློབ་ཕྲུག་ཚོའི་ཕ་མ་ངེས་པར་དུ་ཕེབས་དགོས་པའི་འབོད་སྐུལ་ཞུས་པ་ཡིན། དེ་ནི་སློབ་གྲྭ་འདིའི་དགེ་རྒན་ལས་དག་གིས་སློབ་ཕྲུག་ཚོར་སྦྱོང་བརྡར་སྤྲད་པའི་གྲུབ་འབྲས་དང་། ཕ་མ་སོ་སོའི་ངོས་ནས་ཀྱང་ནམ་རྒྱུན་རང་ཉིད་ཀྱི་ཕྲུ་གུར་འགན་འཁུར་ཕྱོགས་ཐད་ནས་ཁྱད་པར་ག་ཚོད་འགྲོ་ཡི་ཡོད་མེད། དེ་བཞིནསོ་སོའི་ཕྲུ་གུ་སློབ་ཕྲུག་གཞན་དང་བསྡུར་ན་བཟང་ངན་གང་འདྲ་ཡོད་མེད་ཤེས་པའི་ཐོག་ནས། ཕྱིན་ཆད་སློབ་གྲྭའི་འཛིན་སྐྱོང་ལ་བསམ་འཆར་འདོན་རྒྱུ་དང་། རང་ཉིད་ཀྱི་ཕྲུ་གུའི་ལུས་སེམས་ཀྱི་འཚར་ལོངས། སློབ་སྦྱོང་ལ་སྐུལ་འདེད་བྱ་ཕྱོགས་ལ་ཕན་ཐོགས་ཡོང་གི་རེད་སྙམ་པ་ཡིན། ཞེས་གསུངས་སོང་།  

 

ཁོང་གིས་ཕ་མ་ཚོར་རེ་སྐུལ་འགའ་ཞུས་དོན། ཕ་མ་ཕལ་ཆེ་པས་སོ་སོའི་ཕྲུ་གུསྔ་དགོང་སློབ་གྲྭར་ཕར་བསྐྱལ་ཚུར་ལེན་ཙམ་ལས ཕྲུ་གུས་ཉིན་རེར་ཚིག་གསར་པ་གང་ཚོད་ཤེས་ཀྱི་ཡོད་པ་དང་། ཀུན་སྤྱོད་ཡར་རྒྱས་ཡོད་མེད་སོགས་ལ་བལྟ་རྟོག་བྱེད་ཀྱི་མེད་པ་མ་ཟད། ཕ་མ་རེ་ཟུང་གིས། ཕྲུ་གུའི་མདུན་དུ་ཚུལ་མིན་གྱི་གློག་བརྙན་ལ་ལྟ་བ་དང་རྒྱན་འགུག་ཤོ་རྒྱག་བྱེད་པ། ཕྲུ་གུའི་མཐོང་ས་ནས་ཐྭ་མག་དང་ཆག་རག་སྤྱོད་པ། ཕྲུ་གུར་རྡོང་རྡེག་དང་ཚིག་རྩུབ་བཤད་པ། ཁྱིམ་ནས་སྐད་ཡིག་བསྲེས་ལྷད་ཅན་བཤད་པ། ཕྲུ་གུའི་མདུན་ནས་ཁྱོ་ཤུག་འཁོན་རྩོད་དང་ཁ་འཛིང་བྱེད་པ་སོགས་ཀྱིས་ཕྲུ་གུའི་སློབ་སྦྱོང་དང་བསམ་བློ། ཀུན་སྤྱོད་བཅས་ལ་ཤུགས་རྐྱེན་ངན་པ་ཐེབས་ཀྱི་འདུག ཕ་མ་ཚོས་དེ་རིགས་ལ་ཐུགས་གཟབ་གནང་དགོས་ཀྱི་འདུག ཅེས་རེ་འདུན་བཏོན་སོང་།  

མ་འོངས་ལས་འཆར་ཐད་ཁོང་གིས། བུ་ཕྲུག་ཚོར་དཔལ་འབྱོར་གྱི་དཀའ་ངལ་དང་ལོ་ཚད་ཀྱི་རྐྱེན་པས་མུ་མཐུད་སློབ་སྦྱོང་བྱེད་མ་ཐུབ་པའི་རིགས་ལ་དམིགས་བསལ་སློབ་སྦྱོང་གི་གོ་སྐབས་ཤིག་སྐྲུན་རྒྱུ་ཡིན། ལས་གཞི་དེ་རིགས་ ༢༠༡༡ ལོའི་ཕྱི་ཟླ་ ནང་དངོས་སུ་གོ་འཛུགས་བྱ་རྒྱུ་རྒྱ་གར་གཞུང་ནས་ཆོག་ཆན་ཐོབ་ཡོད། ཅེས་བསྒྲགས་སོང་།

 

མཇུག་ཏུ་སྐུ་མགྲོན་གཙོ་བོ་བཀའ་བློན་ཐུབ་བསྟན་ལུང་རིགས་མཆོག་གིས་གསུངས་བཤད་གནང་དོན། གོང་དུ་སློབ་ཕྲུག་ཚོའི་གཞས་སྣ་འཁྲབ་སྟོན་སྐབསང་ཚོ་བོད་ཀྱི་སོན་རྩ་ཞེས་བཏང་པ་ལྟར། མ་འོངས་པའི་བོད་དེ་ཁོང་ཅག་རེད། ང་ཚོས་གཅིག་གིས་གཅིག་ལ་རྩིས་སྤྲད་ནས་འགྲོ་དགོས་པ་ཡིན་དུས། ད་ལྟའི་ཕྲུ་གུ་ཚོར་ཕྱོགས་ཡོངས་ནས་གསོ་སྐྱོང་གང་ལེགས་བྱ་དགོས་པ་རེད། དགེ་རྒན་དང་པོ་ཕ་མ་ཡིན་སྟབས། མི་རིགས་གྲུང་པོ་དང་ཤེས་འཇོན་ཅན་གྱི་མི་རབས་ཤིག་གསོ་སྐྱོང་ཡོང་རྒྱུར་ཕྲུ་གུ་སོ་སོའི་ཕ་མ་ཚོས་ངེས་པར་གཟབ་ནན་དང་ནུས་ཤུགས་འདོ་དགོས། མིའི་ཀུན་སྤྱོད་ནི་འཛིན་གྲྭ་ཁོ་ནའི་ནང་བསླབ་ན་འགྲིག་འགྲོ་བ་ཞིག་མ་རེད། དེ་ཉིན་རེའི་འཚོ་བའི་ཁྲོད་ཕྲུ་གུ་ཚོའི་གཤིས་རྒྱུད་ལ་འཇགས་ཐབས་བྱ་དགོས་པ་ཞིག་དང་། མཚམས་རེར་ཕ་མ་གཉིས་ཀྱིས་ཕན་ཚན་ཁ་འཛངས་འཁྲུག་རྩོད་བྱེད་པ། དཔེར་ན། ཕ་མ་ཚོས་ཁྱིམ་ནས “ཨ་ཕའི་རོ་དང་ཨ་མའི་མགོ” ལྟ་བུའི་སྡིག་མོལ་བྱེད་སྡོད་མཁན་ཞིག་ཡིན་ན། ཕྲུ་གུ་དེར་རང་བཞིན་གྱིས་གཤིས་ཀ་ངན་པ་ཞིག་རྒྱུ་ལ་འཇགས་ཏེ། ཕྱི་ལོགས་སུའང་མི་གཞན་དང་ཕྲུ་གུ་གཞན་དང་མཉམ་དུ་འགྲོ་སྐབསཨ་ཕའི་རོ་དང་ཨ་མའི་མགོ་སོགས་ལབ་ཀྱི་རེད། ཅེས་རེད། ཅེས་དང་།

 

ད་ལྟའི་སློབ་ཕྲུག་ཚོར་ཤེས་ཡོན་བསླབ་རྒྱུའི་ཚབ་ལ་ཚོང་སློབ་ཀྱིན་ཡོད་པ་རེད་ཅེས་ངས་ལབ་བསྡད་ཡོད། འཛིན་ཁང་དུ་སློབ་སྦྱོང་ག་རེ་བྱེད་ན་ལས་ཀ་གང་འདྲ་རག་གི་ཡོད་མེད་དང་། གླ་ཕོག་ཡག་པོ་རག་རྒྱུའི་ཆེད་དུ་སློབ་ཚན་ག་རེའི་སྟེང་སློབ་སྦྱོང་བྱ་དགོས་པ་སོགས་ཀྱི་སློབ་གསོ་སྐྱོན་གྱི་ཡོད་པ་རེད། འདི་དགེ་རྒན་ཚོའི་སློབ་གསོ་སྤྲོད་སྟངས་འགྲིག་གི་མེད། ངས་ཕ་མ་ཚོར་ནན་གྱིས་ཞུ་འདོད་པ་ཞིག་ལ། ཕྲུ་གུའི་ཀུན་སྤྱོད་དང་སྦྱངས་འབྲས་ཐད་ནས་ཕྲུ་གུ་གཞན་དང་འགྲན་བསྡུར་ནམ་ཡང་མ་གནང་རོགས། འདི་བྱེད་ཐབས་ཡག་པོ་མ་རེད། དཔེར་ན། ཁྱིམ་མཚེ་ཚང་གི་བུ་དེ་ཡག་པོ་ཡོད་ལུགས་དང་དེའི་སྦྱངས་འབྲས་ལེགས་ཚུལ། ཁྱོད་རང་ག་རེ་བྱས་པ་རེད་སོགས་ལབ་སྟེ་ཁ་རྡོང་བཏང་ན། ཕྲུ་གུའི་ཀུན་སྤྱོད་དང་སློབ་སྦྱོང་ཡག་ཏུ་འགྲོ་རྒྱུའི་ཚབ་ལ། ཕྲུ་གུའི་སེམས་ལ་དཀའ་ངལ་འཕྲད་ཀྱི་ཡོད་པ་མ་ཟད། སེམས་པ་ཐང་ཐང་མེད་པ་ཆགས་རྒྱུའི་ཉེན་ཁ་ཡོད། དེ་ལས། སློབ་སྦྱོང་གི་ངོ་བོ། ཤེས་ཡོན་གྱི་དགོས་པ། ཤེས་ཡོན་མེད་པའི་དཀའ་ངལ། སློབ་སྦྱོང་ཡར་རྒྱས་འགྲོ་པའི་ཐབས་ལམ་སོགས་བཤད་དེ། ཕྲུ་གུའི་བློ་འགུག་ཐབས་བྱ་རྒྱུ་དེ་གལ་ཆེན་པོ་རེད། ཅེས་གསུངས་སོང་།

གསར་འགོད་པ། བནྡེ་སྐྱབས།

 

བསྐྱར་བཅོས།: ༢༠༡༧/༠༢/༡༦

Leave a Reply

4 thoughts on “སློབ་ཕྲུག་ཚོར་ཤེས་ཡོན་བསླབ་རྒྱུའི་ཚབ་ལ་ཚོང་སློབ་ཀྱི་ཡོད།

  1. ང་ཚོ་བོད་པའི་སྤྱི་ཚོགས་ནང་སྐུ་ངོ་ཟླ་བ་ཚེ་རིང་ལྟ་བུའི་ལྷག་བསམ་ཤེས་འཇོན་ཅན་རེ་ཡོད་ན་གཅིག་བུས་ཆོག་གི
    དངོས་གནས་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན།

  2. སྟོང་བཙན་མགར་བུ།

    ཡོངས་རིན་པོ་ཆེའི་ཡོངས་གླིང་ཡིན་ནའང་འདྲ། ཟླ་བ་ཚེ་རིང་སྡད་སའི་ཡོངས་གླིང་ཡིན་ནའང་འདྲ་དེ་ཁྱད་པར་གཅིག་ཀྱང་མི་འདུག གང་ལྟར་ཡོངས་གླིང་དེ་བོད་པ་སྤྱི་བའི་བེད་སྤྱོད་གཏོང་ཐུབ་པའི་ས་ཆ་ཞིག་ཏུ་ཆགས་ན་འགྲིགས་འདུག

  3. དཀར་མཚོ་སྐྱིད།

    གོང་གི་བཀའ་བློན་དང་སློབ་སྤྱི་དག་གི་བསླབ་བྱ་འདི་དག་ནི་དོན་དང་ལྡན་ཞིང་དངོས་ཡོད་ཀྱི་གནས་ཚུལ་དང་མཐུན་པས་སློབ་ཕྲུག་གི་ཕ་མ་ཚོས་དེར་དོ་སྣང་བྱས་ནས་སྤང་བླང་གི་ལས་དོན་ལ་འབད་པར་འཚལ་ལོ།

  4. རིགས་པའི་གླེང་བུ།

    ཡོངས་འཛིན་གླིང་རིན་པོ་ཆེས་བཙུགས་པའི་སློབ་གྲྭ་དེར་མཚན་ལ་ཡང་ཡོངས་གླིང་གནང་འདུག་ཡིན་ནའང་དེང་གི་ཆར་ཟླ་བ་ཚེ་རིང་ཡོངས་གླིང་ཆགས་ཚ་འདུག