བོད་ཡིག་གི་བང་རྩལ།

 

ཨ་རིའི་ཀུ་ཤུ་རྟགས་ཅན་གྱི་བཟོ་གྲྭས་གསར་ཏུ་བཟོས་པའི་ ios4.2.1 ཞེས་པའི་ནང་། ཕྱི་ཚེས་ ༢༣ ཉིན་༼ ཀེ་ལ་ཤ་བོད་ཡིག ༽གསར་སྣོན་བྱས་ཡོད་འདུག་ལ། ཐེངས་འདིར་ཀུ་ཤུ་རྟགས་ཅན་གྱི་བཟོ་གྲྭས་བོད་ཡིག་གསར་སྣོན་བྱས་པ་བརྒྱུད་དེ། བཟོ་གྲྭ་དེ་ནས་ཐོན་པའི་ལག་འཁྱེར་ཁ་པར་ Iphone དང་། གསར་ཐོན་རྩིས་འཁོར་ Ipad དེ་བཞིན་ Ipod སོགས་སུ་བོད་ཡིག་ཚགས་མེད་དུ་བེད་སྤྱོད་གཏོང་ཐུབ་པར་གྱུར་ཡོད་འདུག

བོད་ཡིག་དེ་རྒྱལ་སྤྱིའི་གཅིག་གྱུར་ཨང་རྟགས་ཅན་དུ་བསྒྱུར་བའི་ཚུན་ལ། ད་ཆར་བོད་ཡིག་འཛམ་གླིང་སྟེང་དངོས་སུ་བེད་སྤྱོད་བྱེད་ཀྱིན་པའི་ཡིག་རིགས་ ༡༠༠ ཡི་གྲས་སུ་བསླེབས་ཡོད་པ་མ་ཟད། དེང་གི་བརྡ་འཕྲིན་བརྒྱུད་ལམ་ཐོག་བེད་སྤྱོད་ཐུབ་པའི་ཡིག་རིགས་ ༥༠ གྲས་སུའང་ཚུད་ཡོད་འདུག

གོང་གི་གནས་ཚུལ་དེ་ཐོན་མ་ཐག་བོད་ཕྱི་ནང་གི་གསར་ལམ་ཁག་གཅིག་ཏུ། ཐེངས་འདིར་ཀུ་ཤུ་རྟགས་ཅན་གྱི་ཐོན་རྫས་ནང་བོད་ཡིག་གསར་སྣོན་བྱས་པ་དེ་༼ སྨོན་ལམ་བོད་ཡིག་གསུམ་པ ༽ཡིན་པར་ངོས་འཛིན་བྱེད་ཀྱི་ཡོད་པ་དེ་ནོར་འཁྲུལ་ཡིན་ཞིང་། ཕྱི་ཚེས་ ༢༣ ཉིན་ཨ་རིའི་ཀུ་ཤུ་རྟགས་ཅན་གྱི་ཐོན་རྫས་ནང་བོད་ཡིག་གསར་སྣོན་བྱས་པ་དེ་ནི་༼ ཀེ་ལ་ཤ་བོད་ཡིག ༽ཡིན།

དེ་རིང་གློག་ཀླད་ཆེད་མཁས་པ་གྲྭ་བློ་བཟང་སྨོན་ལམ་ལགས་ཀྱིས་གསལ་བཤད་གནང་དོན། སྤྱིར་བཏང་ཀུ་ཤུ་རྟགས་ཅན་གྱི་གློག་ཀླད་ནང་ལོ་ཤས་གོང་ནས་བོད་ཡིག་ཡོད། དེ་ནི་ཉི་ཧོང་གི་ཨོ་ཏ་ལེ་གཙུག་ལག་སློབ་གྲྭ་དང་ཨ་རིའི་ཀུ་ཤུ་རྟགས་ཅན་གྱི་བཟོ་གྲྭ་གཉིས་མཉམ་འབྲེལ་བྱས་ཏེ། ༼ ཀེ་ལ་ཤ་བོད་ཡིག ༽ དང་ ༼ ཀོ་ཀོ་ནོར་བོད་ཡིག ༽ ཟེར་བ་དེ་བཟོས་ཡོད། དེ་གཉིས་རྒྱལ་སྤྱིའི་གཅིག་གྱུར་ཨང་རྟགས་ཐོག་ཐོན་པའི་བོད་ཡིག་དང་པོ་རེད། དེའི་རྗེས་ཨོ་ཏ་ལེ་གཙུག་ལག་སློབ་གྲྭ་དང་ང་ཚོ་མཉམ་འབྲེལ་ཐོག་༼ སྨོན་ལམ་བོད་ཡིག་གསུམ་པ ༽ ཀུ་ཤུ་རྟགས་ཅན་གྱི་གློག་ཀླད་ནང་བཅུག་པ་ཡིན།

ཉེ་ཆར་ ༢༣ ཉིན་ ios4.2.1 ནང་གསར་སྣོན་བྱས་པ་དེ་ཉི་ཧོང་གི་ཨོ་ཏ་ལེའི་གཙུག་ལག་སློབ་གྲྭས་བཟོས་པའི་༼ ཀེ་ལ་ཤ་བོད་ཡིག  ༽ བོད་ཡིག་རེད། ཁ་ཤ་ཀྱིས་སྨོན་ལམ་བོད་ཡིག་གསུམ་པ་རེད་ཟེར་ནས་ཁྱབ་བསྒྲགས་བྱེད་ཀྱི་ཡོད་པ་དེ་ནོར་བ་རེད། འོན་ཀྱང་ཁོང་ཚོའི་ལས་གཞི་དེར་ང་ཚོས་རོགས་པ་བྱས་ཡོད་པ་རེད། ཐེངས་འདིར་རྒྱལ་སྤྱིའི་ནང་སྐད་གྲགས་ཡོད་པའི་ཀུ་ཤུ་རྟགས་ཅན་གྱི་ཐོན་རྫས་ནང་བོད་ཡིག་བཅུག་པ་དེ་དོན་དག་གལ་ཆེན་ཞིག་རེད། ཅེས་གསལ་བཤད་གནང་འདུག

བསྐྱར་བཅོས།: ༢༠༡༦/༠༡/༠༦

Leave a Reply

19 thoughts on “བོད་ཡིག་གི་བང་རྩལ།

  1. སེར་ཏྲེ་མཁར་སྒང་བསོད་ནམས་དབང་ལྡན།

    བོད་ཀྱི་སྐད་ཡིག་གི་ལས་དབང་ཇེ་དར་ཇེ་དར་དུ་འགྱུར་བ་ནི་དགའ་འོས་པའི་གནས་ཚུལ་ཞིག་རེད།

  2. སེར་ཏྲེ་མཁར་སྒང་བསོད་ནམས་དབང་ལྡན།

    ཡ་བཀྲ་ཤིས་པའི་གནས་ཚུལ་ཇེ་མང་ཇེ་མང་རེད། ངོ་མ་བོད་ཀྱི་སྐད་ཡིག་གཉིས་དུས་རབས་དང་མཐུན་པར་མདུན་སྐྱོད་ཀྱི་གོམ་སྒྲ་སྒྲོག་པ་ཐོས་སྐབས་ངའི་སེམས་ཁམས་སུ་དགའ་ལྷང་ལྷང་གི་ཚོར་བ་ཞིག་འཕྱུར་གྱིན་འདུག་པས། གྲོགས་པོ་བློ་བཟང་སྨོན་ལམ་མཆོག་ལ་སོགས་པ་སྐུ་ལས་སྐྱོན་མཁན་ཡོངས་རྫོགས་ལ་སྙིང་ནས་ཐུགས་རྗེ་ཆེ་ཞུ།