བོད་ཡིག་ཕ་མེས་ཀྱི་སྐད་ཡིག་ཡིན།

 

ཟླ་འདིའི་ཕྱི་ཚེས་ ༡ ཉིན་ཧི་མ་ལ་ཡའི་ཆོས་རིག་འཛིན་སྐྱོང་ཚོགས་པའི་ཚོགས་གཙོ་བླ་མ་ཆོས་འཕེལ་བཟོད་པ་དང་། འཚོ་སྣ་རིན་པོ་ཆེ་གཙོས་པའི་གནད་ཡོད་མི་སྣ་ཁག་ཅིག་གིས་ལ་དྭགས་དང་མོན་རྟ་དབང་གཙོས་ཧི་མ་ལ་ཡའི་རི་རྒྱུད་ཁུལ་གྱི་ཕ་མེས་ཀྱི་སྐད་ཡིག་སྟེ་བོད་ཡིག་རྒྱ་གར་གཞུང་ཕྱོགས་ཀྱི་ཡིག་ཆའི་ནང་འགོད་དགོས་པའི་སྙན་ཞུ་ཞིག་རྒྱ་གར་དབུས་ནང་སྲིད་ལས་ཁུངས་ཀྱི་དྲུང་ཆེ་ཡི་མཚན་ཐོག་ཕུལ་ཡོད་པ་རེད།

སྙན་ཞུ་དེའི་ནང་རང་རེའི་རྒྱལ་ཁབ་རྒྱ་གར་འཕགས་པའི་ཡུལ་ལ་རང་བཙན་ཐོབ་པ་ནས་བཟུང། རྒྱལ་ཁབ་དང་ཡུལ་ལྗོངས་ཀྱི་ཡར་རྒྱས་དང་མི་མང་གི་འཚོ་རྟེན། ཤེས་ཡོན། འཕྲོད་བསྟེན། མི་རིགས་དང་རིག་གཞུང། ཁོར་ཡུག་སྲུང་སྐྱོབ་སོགས་ཀྱི་ཆེད་དུ་མི་ལོ་བཅུ་རེ་འཚམས་སུ། རྒྱལ་ཁབ་ཀྱི་ཁོར་ཡུག་གནས་སྟངས་ལ་ཞིབ་འཇུག ས་གནས་ས་ཐོག་མི་མང་གི་གྲངས་འབོར། མི་རིགས་དང་ཆོས་ལུགས། སྐད་ཡིག་གང་ཡིན་བཅས་ཞིབ་འཇུག་ཐོག་གཞི་རྩའི་ཡར་རྒྱས་ཀྱི་འཆར་གཞི་འགོད་ཀྱི་ཡོད་པར་རྟེན། ༢༠༡༠ ལོ་ནས་ ༢༠༡༡ ལོའི་བར་གྱི་ལོ་བཅུ་རེ་འཁོར་བའི་མི་འབོར་ཞིབ་བཤེར་འགྲོ་བཞིན་ཡོད་པ་འདི་ནི་ཧ་ཅང་གལ་ཆེ་བ་ཞིག་ཡིན་ཞིང་། ཧི་མཱ་ལ་ཡ་ནས་མཐའི་རྒྱ་མཚོའི་བར་རང་རེ་རྒྱ་གར་གྱི་མི་མང་རྣམས་ནས་རང་གི་རྒྱལ་ཁབ་ཡར་རྒྱས་དང་། རང་གཞན་ཚང་མ་ཞི་བདེ་ཡོངས་ཐབས་ལ་འབད་དགོས་ལ། དེ་ཡང་ཐོག་མར་ཤེས་ཡོན་ལ་རག་ལས་ཡོད་སྟབས། ཤེས་ཡོན་དེ་རང་གཞུང་ནས་སློབ་གྲྭ་ཁག་ཏུ་ཡུལ་གྲོང་ས་གནས་མི་མང་གི་ཕ་མེས་ཀྱི་སྐད་ཡིག་གང་ཡིན་གཞུང་གི་སློབ་གྲྭ་ཁག་ཏུ་སློབ་དགོས། གཞུང་གི་སློབ་གྲྭ་ཁག་ཏུ་སློབ་ཆེད་དུ། ཡུལ་ལྗོངས་སོ་སོའི་སྐད་ཡིག་ལ་དབུས་གཞུང་ནས་ངོས་ལེན་ཐོབ་དགོས། དབུས་གཞུང་ནས་ངོས་ལེན་ཐོབ་ཆེད་དུ། ལོ་ངོ་བཅུ་རེ་སེན་སེཅ་  Census  ཞེས་པའི་མི་མང་གྲངས་རྩིས་དང་སྐད་ཡིག་ཞིབ་འཇུག་སྐབས་སུ་གཞུང་གི་ཡིག་ཆའི་ནང་འཁོད་ཐུབ་པ་ཞིག་བྱ་དགོས་པ་སོགས་ཤིན་ཏུ་གལ་ཆེ་བ་ལགས་ན།  རང་རེ་ཧི་མཱ་ལ་ཡ་པ་རྣམས་ནས། བོད་ཡིག་བྷོ་ཊི་འདི་ནི་ཤིན་ཏུ་རྩ་ཆེ་ཆོས་རིག་ཤེས་ཡོན་གྱི་རྩ་བ་ཡིན་པ་མཁྱེན་པར་གནང་ནས། འདི་ལོའི་སེན་སེཅ་སྐབས་སུ་གཞུང་གི་ཡིག་ཆའི་ནང་འཁོད་ཐུབ་པ་ཞིག་ངེས་པར་དུ་གནང་དགོས། ཞེས་བཀོད་འདུག

ཧི་མ་ལ་ཡའི་ཆོས་རིག་འཛིན་སྐྱོང་ཚོགས་པའི་ཚོགས་པས་འདས་པའི་མི་ལོ་ ༣༥ རིང་ཕ་མེས་ཀྱི་སྐད་ཡིག་དེ་རྒྱ་གར་གཞུང་གི་ཡིག་ཆའི་ནང་འགོད་ཐབས་སུ་འབད་པ་བྱས་ཡོད་འདུག་ལ། ཐེངས་འདིར་ཡང་ཧི་མ་ལ་ཡའི་ཆོས་རིག་འཛིན་སྐྱོང་ཚོགས་པ་གཙོས། བླ་ཆེན་དང་གནད་ཡོད་མི་སྣས་མཚན་ཐོག་ནས་རྒྱ་གར་ནང་སྲིད་དྲུང་ཆེའི་མཚན་ཐོག་ཏུ་ཕུལ་ཡོད་འདུག་ལ།  སྐབས་དེར་དྲུང་ཆེ་མཆོག་ནས་ཀྱང་ཧི་མ་ལ་ཡའི་ཕ་མེས་ཀྱི་སྐད་ཡིག་དེས་རྒྱ་གར་གྱི་རིག་གཞུང་དང་སྤྱི་ཚོགས་འཕེལ་རྒྱས་ལ་སྐུལ་འདེད་ཀྱི་ནུས་པ་འདོན་ཐུབ་པ་དང་། མ་འོངས་པར་གཞུང་ཕྱོགས་ནས་ཧི་མ་ལ་ཡའི་རི་རྒྱུད་ཀྱི་ཕ་མེས་ཀྱི་སྐད་ཡིག་དེ་རྒྱ་གར་གཞུང་ཕྱོགས་ཀྱི་ཡིག་ཆའི་ནང་འགོད་བར་རྒྱབ་སྐྱོར་བྱ་འཆར་ཡོད་ཚུལ་བརྗོད་ཡོད་འདུག

གསར་འགོད་པ་དོན་གོས་བསྡུ་སྒྲིག་བྱས།

བསྐྱར་བཅོས།: ༢༠༡༧/༠༢/༡༦

Leave a Reply

8 thoughts on “བོད་ཡིག་ཕ་མེས་ཀྱི་སྐད་ཡིག་ཡིན།

  1. ཐོན་མིས་གསར་བཏོད་བྱས་པའི་བོད་ཡིག་འདི་ནི་བོད་མི་གཅིག་པུར་བདག་བ་ཞིག་རྩ་ནས་མིན། འདི་ནི་ཧི་མ་ལ་ཡར་རྩིས་སྤྲོད་པ་དང་། བོད་མིས་བདག་བཟུང་བྱ་མ་ཐུབ་པ་སོགས་ཀྱི་གནས་ཚུལ་གང་ཡང་མིན། བོད་ཡིག་འདི་ནི་ཕ་མེས་དུས་རབས་ནས་དར་བའི་བོད་རིགས་ཚང་མར་བདག་ཅིང་། ཚམ་མས་སྐད་ཡིག་འདི་བཞིན་མི་ཚའི་ཉིན་རེའི་འགྲོ་འདུག་སྤྱོད་གསུམ་དུ་བཀོལ་སྤྱོད་ཀྱིས་དེ་ལ་མཐོང་ཆེན་དང་། བོད་ཡིག་འདི་བཞིན་རྒྱ་ཁྱབ་ཚན་འཕྲུལ་གློག་ཀླད་དང་། ཁྱིམ་ཆས་སོགས་གང་སར་ཁྱབ་ནས་འདུག་ན། ད་གཟོད་བོད་ཡིག་ལ་བླ་སྲོག་ངེས་ཅན ༴ིང ང ་ཐོབ་ངེས་ལས། གཞན་བོད་ཡིག་ནི སྨྱུག་འཛིན་འགར་བདག་པ་ལྟ་བུས་ཁྱབ་ཚད་ཅིག་གིས་བོད་ཡིག་བདག་གཅེས་བྱ་མི་ཐུབ། དེས་ན། དེ་རིང་གི་ཧི་མ་ལ་ཡའི་བོད་རིགས་རྣམས་ནས་སྔར་གྱི་རེ་འདུན་རྙིང་པར་ཤུགས་སྣོན་གསར་པ་བྱས་པར་སྙིང་ནས་བསྔགས་བཞིན། བྱ་བ་ལམ་འགྲོ་ཡོང་བའི་རེ་བ་ཡོད། ཊུངས རའ་རའེ

  2. འདྲེ་མེ་འབུད།

    སྔོན་ཆད་ནས་འདི་ལྟ་བུ་ཞིག་གྲ་སྒྲིག་ཡོད་པར་གོ་ཐོས་བྱུང་ལ། ད་ལྟ་དངོས་སུ་ལག་བསྟར་གྱིས་ཞུ་ཡིག་ཕུལ་བ་ནི་གནས་ཚུལ་ལེགས་པོ་ཞིག་རེད། དེ་ལ་ངེས་པར་དུ་ང་ཚོས་བཀྲ་ཤིས་བདེ་ལེགས་ཞུ་འོས།

  3. སྨྲ་བརྗོད་རང་དབང་།

    བོད་ཡིག་འཆི་མ་དགོས་ན་ང་ཚོ་ད་དུང་གསོན་ཐུབ་རྒྱུ་རེད། བོད་ཡིག་བོད་ཀྱི་སྲོག་ཙམ་ལས་བོད་དོན་རྒྱབ་སྐྱོར་བ་ཞིག་ཡང་རེད། དངོས་གནས་སྐད་ཡིག་རླབས་ཆེན་རེད།

  4. མངའ་རིས་བུ།

    ༧གོང་ས་༧་མཆོག་ནས་ཧི་མ་ལ་ཡཱི་རི་བརྒྱུད་དུ་གནས་པའི་བོད་རིགས་རྣམས་ཀྱི་ཕྲུག་གུར་བོད་ཡིག་སྦྱོང་ས་ཞིག་དགོས་གལ་ཆེ་བར་བརྟེན་བོད་ཀྱི་སློབ་གྲྭ་ཁག་ཏུ་ཧི་མ་ལ་ཡཱའི་ཕྲུག་གུ་ཚོར་བོད་ཡིག་སྦྱོང་སའི་དམིགས་མང་ཙམ་དགོས་ལུགས་གསུངས་པ་ལྟར་ད་ལམ་ཧི་མ་ལ་ཡཱའི་ཚོགས་པ་ཞིག་ནས་འདི་ལྟར་རྒྱ་གར་གཞུང་ལ་འབོད་བསྐུལ་ཞུས་པ་ནི་དུས་དང་འཚམས་པའི་སྙན་ཞུ་ཞིག་ཏུ་མཐོང།
    བོད་ཡིག་ཡངས་པའི་ཁྱོན་ཀུན་ཏུ་ཁྱབ་གྱུར་ཅིག
    དབྱིན་ཡིག་བཞིན་ཏུ་ཀུན་གྱིས་སྤྱོད་པའི་སྐད་ཡིག་ཞིག་ཏུ་འགྱུར་པར་ཤོག