དབྱིན་ཇི་གཞུང་ཚབ་ཕྱིར་རྒྱུཊ།

 

ཨི་རན་གཞུང་གི་དཔོན་རིགས་ཁག་ཅིག་གིས་ཨི་རན་ཕྱི་སྲིད་བློན་ཆེན་ལ། ཨི་རན་ནང་ཡོད་པའི་དབྱིན་ཇིའི་གཞུང་ཚབ་ཕྱིར་འབུད་གཏོང་དགོས་པའི་འབོད་སྐུལ་བྱས་འདུག དེ་ནི་ཕྱི་ཚེས་ ༡༠ ཉིན་ཏེ། རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་གི་ཉིན་མོ་དང་བསྟུན་ཏེ། ཨི་རན་གྱི་གྲོང་ཁྱེར་ཊེ་རན་དུ་ཡོད་པའི་དབྱིན་ཇིའི་གཞུང་ཆེན་མོ་སྐུ་ཞབས་སའེ་མོན་ Simon Gass ལགས་ཀྱིས་གཞུང་ཚབ་ཁང་གི་དྲ་བའི་སྟེང་རྩོམ་ཡིག་ཅིག་སྤེལ་ཡོད་པའི་ནང་། ཨི་རན་ནང་གི་གསར་འགོད་པ་དང་ཁྲིམས་རྩོད་པ། རང་དབང་འཐབ་རྩོད་སོགས་ཀྱི་སྟེང་ལ་ཉེན་ཁ་ཡོད་པ་དེ་ལྟ་བུ་ཞིག་གཞན་སུ་གང་ལ་ཡང་ཡོད་མི་སྲིད་ཅེས་བརྗོད་ཡོད་འདུག 

དུས་རྒྱུན་ཨི་རན་གཞུང་ཕྱོགས་ནས་དགྲ་ཟླ་གསུམ་ངོས་འཛིན་བྱེད་ཀྱི་ཡོད་ཅིང་། དེ་དག་ནི་ཨི་ཛི་རེལ་དང་ཨ་རི། དབྱིན་ཇི་བཅས་ཡིན་སྟབས། ཐེངས་འདིའི་དབྱིན་ཇིའི་གཞུང་ཚབ་སའེ་མོན་གྱི་བྱ་སྤྱོད་དེར་ཨི་རན་གཞུང་གི་དཔོན་རིགས་ཁག་ཅིག་གིས་ངོ་རྒོལ་གྱི་རྣམ་པ་ཤུགས་ཆེན་པོ་བསྟན་ཡོད་པ་མ་ཟད། ཨི་རན་གྲོས་ཚོགས་ཕྱི་སྲིད་ཚོགས་ཆུང་གི་ཚོགས་གཙོ་ཨཱ་ལེ་ཌན་ Alaeddin Borujerdi ལགས་ཀྱིས་ཀྱང་། ཐེངས་འདིའི་དབྱིན་ཇིའི་གཞུང་ཚབ་པ་བྱེད་སྟངས་དེ་འགྲིག་མེད་པ་མ་ཟད། ཁོང་ལ་རྒྱལ་ཁབ་གཉིས་བར་མཐུན་ལམ་བཟོ་མཁན་ཞིག་གི་རྩ་བའི་ཆ་རྐྱེན་ཙམ་ཡང་ཚང་མེད་པས། མ་འོངས་པར་སློབ་སྦྱོང་ཡག་པོ་བྱ་དགོས་ཀྱི་འདུག་སོགས་བརྗོད་ཡོད་འདུག

གོང་གི་གནད་དོན་དེ་དང་འབྲེལ་ཏེ། ཁ་སང་རེས་གཟའ་ཉི་མའི་ཉིན་ཨི་རན་གཞུང་ཕྱོགས་ཀྱི་མི་སྣ་ཁག་ཅིག་གི་སྣེ་ཁྲིད་འོག་ས་གནས་མང་ཚོགས་མང་པོ་ཞིག་དབྱིན་ཇིའི་གཞུང་ཚབ་ཏུ་བསྐྱོད་དེ། ཟླ་སྔོན་མའི་ནང་ཨི་རན་གྱི་རྡུལ་ཕྲན་ཚན་རིག་པ་ཞིག་ལྐོག་གསོད་བྱས་པར་ཨ་རི་དང་དབྱིན་ཇི་ལ་འབྲེལ་བ་ཡོད་ལུགས་ཀྱིས། ཨ་རི་དང་དབྱིན་ཇིའི་རྒྱལ་དར་མེ་བསྲེག་བཏང་་སོགས་ཀྱི་ངོ་རྒོལ་ལས་འགུལ་སྤེལ་འདུག

གསར་འགོད་པ། བནྡེ་སྐྱབས།

བསྐྱར་བཅོས།: ༢༠༡༧/༠༢/༡༦

Leave a Reply