༸རྗེ་ཡབ་སྲས་ཀྱི་གསུང་འབུམ་ལྗགས་ལུང་།

༸སྐྱབས་མཆོག་རྭ་སྟོད་སྐྱོང་བླ་༸རིན་པོ་ཆེ་མཆོག་གིས་༸རྗེ་ཡབ་སྲས་ཀྱི་གསུང་འབུམ་ལྗགས་ལུང་བཀའ་དྲིན་ཆེ་བ།
 
འབྲས་བློ་གླིང་༸སྐྱབས་རྗེ་ཡོངས་གླིང་མཆོག་སྤྲུལ་༸རིན་པོ་ཆེ་མཆོག་ནས་ཇི་ལྟར་གསོལ་འདེབས་ཞུས་པ་བཞིན། ༸སྐྱབས་མཆོག་རྭ་སྟོད་སྐྱོང་བླ་༸རིན་པོ་ཆེ་མཆོག་ནས་རྭ་སྟོད་གྲྭ་ཚང་གི་འདུ་ཁང་གསར་པའི་ནང་༸རྗེ་ཡབ་སྲས་ཀྱི་གསུང་འབུམ་ལྗགས་ལུང་བཀྲིན་ཆེ་བ་སྟེ། ཕྱི་ལོ་ ༢༠༠༩ ཕྱི་ཟླ་ ༡ ཚེས་ ༢༠ ཉིན་ནས་དབུ་འཛུགས་ཀྱི་རྗེའི་གསུང་འབུམ་ཀ་པ་ནས་ན་པའི་བར་པོད་ ༡༢ དང། ཕྱི་ལོ་ ༢༠༡༠ ཕྱི་ཟླ་ ༡ ཚེས་ ༡༩ ཉིན་ནས་རྗེའི་གསུང་འབུམ་པ་ནས་ཚ་པའི་བར་པོད་ ༦ དང། ཕྱི་ལོ་ ༢༠༡༠ ཕྱི་ཟླ་ ༡༢ པའི་ཚེས་ ༡༣ ཉིན་ནས་རྒྱབ་ཚབ་རིན་པོ་ཆེའི་གསུང་འབུམ་ནས་ལུང་རྒྱུན་ཡོད་པ། ཁ་པ། ག་པ། ང་པ། ཆ་པ་དང། མཁས་གྲུབ་རིན་པོ་ཆེའི་གསུང་འབུམ་ནས་ལུང་རྒྱུན་ཡོད་པ། ཀ་པ། ཁ་པ། ག་པ། ང་པ། ཅ་པ། ཆ་པ། ཇ་པ། ཉ་པ། ཏ་པའི་ཕྱེད་བར་གནང་ནས་ལོ་དེར་སྐུ་གཟུགས་བབས་ཀྱིས་ཆོས་མཚམས་བཞག་གནང་མཛད་ཡོད་པ་དང། དེ་ནས་ལོ་འདིར་ཕྱི་ལོ་ ༢༠༡༡ ཕྱི་ཟླ ༡ ཚེས་ ༨ ནས་མཁས་གྲུབ་རིན་པོ་ཆེའི་གསུང་འབུམ་ཏ་པའི་འཕྲོས་དང། ཐ་པ། ད་པ། ཨ་པ་དང། གསུང་བཀའ་རྒྱ་མ་བཅས་ཆ་ཚང་གྲུབ་པར་མཛད།
            ༸སྐྱབས་མཆོག་ཉིད་ཀྱིས་བཀའ་སློབ་ཕྱག་བྲིས་ཕེབས་པར། ༸སྐྱབས་རྗེ་གླིང་མཆོག་སྤྲུལ་རིན་པོ་ཆེ་ནས་བོང་བ་གསེར་གཟིགས་ལྟ་བུས་ཁོ་བོར་ལུང་རྒྱུན་འབུལ་དགོས་ཚུལ་ཕེབས་པ་བཞིན། རྒྱལ་བསྟན་ཡོངས་ཀྱི་མངའ་བདག་སྤྱི་ནོར་༸གོང་ས་༸རྒྱལ་དབང་ཐམས་ཅད་མཁྱེན་ཅིང་གཟིགས་པ་ཆེན་པོ་མཆོག་ནས་ཀྱང་དེ་བཞིན་ཞུ་འཐུས་གསེར་གྱི་བཀའ་ལུང་སྤྱི་སྩོལ་ལྟར། བཀའ་བཞིན་སྒྲུབ་པར་མཆོད་པའི་མཆོག་ཏུ་བསམ་ནས་ཆོས་སྡེ་ཆེན་པོ་འབྲས་སེ་དགའ་གསུམ་དང། བཀྲ་ཤིས་ལྷུན་པོ། དྭགས་པོ་བཤད་སྒྲུབ་གླིང། རྭ་སྟོད་གྲྭ་ཚང་བཅས་ཀྱི་བླ་སྤྲུལ་བཅུ་ཕྲག་གཉིས་ལྷག་ཙམ་དང། རང་དང་གཞན་གྱི་གྲུབ་མཐའ་རྒྱ་མཚོ་ལྟ་བུའི་ཕ་རོལ་ཏུ་སོན་པའི་དགེ་བའི་བཤེས་གཉེན་རྣམས་དང་། རབ་འབྱམས་གཞུང་ལུགས་ལ་སྦྱངས་པ་མཛད་བཞིན་པ་རྣམས་དང་བཅས་འདུས་པ་མི་ཉུང་ཙམ་ལ་༸སྐྱབས་རྗེ་ཡོངས་འཛིན་དགའ་ཁྲི་གླིང་རིན་པོ་ཆེ་དམ་པའི་གཟིགས་དཔེ་ཞོལ་དཔར་སྟེང་ནས་འབྲས་སྤུངས་ཆོས་སྒར་གྱི་ཁོངས་གཏོགས་རྭ་སྟོད་གྲྭ་ཚང་གི་འདུ་ཁང་གསར་པར་༸སྐྱབས་རྗེ་ཕ་བོང་ཁ་པ་བདེ་ཆེན་སྙིང་པོའི་གསན་ཡིག་ལྟར་དགའ་དད་གུས་གསུམ་གྱི་ངང་ནས་རྗེ་ཡབ་སྲས་གསུམ་གྱི་གསུང་འབུམ་གྱི་ལུང་སྙན་སྒྲོན་ཞུས་པའི་དགེ་བའི་རྩ་བ་རྣམས་ཇི་སྐད་དུ། བདག་གིས་ཇི་སྙེད་བསགས་པའི་དགེ་བ་རྣམས། བསྟན་དང་འགྲོ་བ་ཀུན་ལ་གང་ཕན་དང། ཁྱད་པར་རྗེ་བཙུན་བློ་བཟང་གྲགས་པ་ཡི། བསྟན་པའི་སྙིང་པོ་རིང་དུ་གསལ་བྱེད་ཤོག ཅེས་དང། སྟོང་ཉིད་སྙིང་རྗེ་ཟུང་དུ་འཇུག་པའི་ལམ། ཆེས་ཆེར་གསལ་མཛད་གངས་ཅན་བསྟན་འགྲོའི་མགོན། ཕྱག་ནས་པདྨོ་བསྟན་འཛིན་རྒྱ་མཚོ་ལ། གསོལ་བ་འདེབས་སོ་བཞེད་དོན་ལྷུན་འགྲུབ་ཤོག ཅེས་པ་ལྟར་སྨོན་པ་ལགས་ན་དེ་དེ་བཞིན་དུ་འགྲུབ་པར་གྱུར་ཅིག་ ཅེས་ཕེབས། ད་ལམ་ཆོས་ཞུ་བ་བླ་སྤྲུལ་རྣམས་ཀྱི་མཚན་ནི། འབྲས་བློ་གླིང་སྐྱབས་རྗེ་གླིང་མཆོག་སྤྲུལ་རིན་པོ་ཆེ་དང། རོང་པ་ཨ་ལགས་དཀར་དགེ་སྤྲུལ་སྐུ་བསྟན་འཛིན་ཡེ་ཤེས་མཐར་ཕྱིན། ཚ་བ་ཟངས་ཆེན་སྤྲུལ་སྐུ་བསྟན་འཛིན་ཚེ་དབང་། གོ་བོ་ལྷ་སྐྱབས་སྤྲུལ་སྐུ་བསྟན་འཛིན་མཁས་བཙུན་སོགས་དང་། སྒོ་མང་ཧར་གདོང་རབ་བརྟན་སྤྲུལ་སྐུ་བསྟན་འཛིན་ཐེག་མཆོག ཧར་གདོང་སྒོ་སྤེས་སྤྲུལ་སྐུ་བློ་བཟང་སྙན་གྲགས། ཧར་གདོང་སྤྲུལ་སྐུ་བློ་བཟང་དགེ་ལེགས། ཧར་གདོང་རྒྱུད་སྨད་མཁན་སྤྲུལ་བསྟན་པ་ཕུན་ཚོགས། བྱ་བྲལ་རྩི་བཞག་སྤྲུལ་སྐུ་གྲགས་པ་རྒྱ་མཚོ། ཧར་གདོང་སྡིང་ཁུངས་སྤྲུལ་སྐུ་བསྟན་འཛིན་བློ་བཟང། ཀླུ་འབུམ་ཇེ་དགེ་སྤྲུལ་སྐུ་བློ་བཟང་ལེགས་བཤད། གུང་རུ་མཁན་ཆེད་སྤྲུལ་སྐུ་བསྟན་འཛིན་བཟང་པོ། ཧར་གདོང་གྱོང་པ་སྤྲུལ་སྐུ་འཇམ་དབྱངས་ཚེ་རིང། བསམ་བློ་ཇོ་ནང་མཁན་ཆེན་སྤྲུལ་སྐུ་བློ་བཟང་ཆོས་གྲགས། དགའ་ཤར་ཕུ་ཁང་ཟོང་མཆོག་སྤྲུལ་རིན་པོ་ཆེ། སེར་སྨད་གཙང་ཤེས་ཆོས་སངས་བསྟན་སྤྲུལ་སྐུ། སེར་བྱེས་མངའ་རིས་བོ་དོང་སྤྲུལ་སྐུ་བསྟན་འཛིན་མཐུ་སྟོབས་འཇིགས་བྲལ། བཀྲས་ལྷུན་ཧན་འཛིན་སྤྲུལ་སྐུ་བློ་བཟང་ཟླ་བ་གྲགས་པ་སོགས་དང་། རྭ་སྟོད་ཡོན་ཏན་སྤྲུལ་སྐུ་བསྟན་འཛིན་ཐོས་བསམ། རྭ་སྟོད་གཞན་ཕན་སྤྲུལ་སྐུ་བྱམས་པ་འཇིགས་མེད། རྭ་སྟོད་ཆུ་དབར་སྤྲུལ་སྐུ་སོགས་གདན་གསུམ་བླ་སྤྲུལ་དགེ་བཤེས་བཅས་དགེ་འདུན་ཉིས་བརྒྱ་སྐོར་ཕེབས་བཅར་ཞུས་པ་དང། ཕྱི་ཚེས་ ༡༣ ཉིན་བཀྲིན་གཏང་རག་གི་བརྟན་བཞུགས་མདོར་བསྡུས་འབུལ་བཞེས་བསྐྱངས་པ་བཅས་ཀྱི་གནས་ཚུལ་མདོར་བསྡུས་འགོད་འབུལ་ཞུས་པ་དགེ་བར་གྱུར་ཅིག མོན་གྷོ་རྭ་སྟོད་གྲྭ་ཚང་ནས་ ༢༠༡༡ ཟླ་ ༢ ཚེས་ ༢༨ དགེ་བར་ཕུལ།

བསྐྱར་བཅོས།: ༢༠༡༧/༠༢/༡༦

Leave a Reply